ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཚོགས་ཁང་དུ་དཔལ་འབྱོར་ཚོང་ལས་ཡར་ཐོན་རམ་འདེགས་ལས་གཞི་ཚན་པ་དང་། ཨིན་ཡུལ་བོད་ཁང་ཐེབས་རྩ། དེ་བཞིན་ཁེ་ན་ཌ་མོན་ཁྲི་ཡོལ་དུ་རྟེན་གཞི་བྱས་པའི་བོད་པའི་གསར་གཏོད་ཚོགས་པ་བཅས་མཉམ་འབྲེལ་གྱིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་ཡོད་པའི་བོད་མི་གཞོན་སྐྱེས་ཚོར་ཡོང་འབབ་བསྐྲུན་ཐབས་ཀྱི་ལས་ཀའི་གོ་སྐབས་གཞི་རྒྱ་ཆེ་བའི་ལས་གཞི་འགོ་འཛུགས་ཀྱི་ཐད་འཚང་སྙན་འབུལ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གཙོས་དྲུང་ཆེ་ཡེ་ཤེས་དབང་མོ་ལགས། དྲ་རྒྱའི་ Skype བརྒྱུད་ནས་ཨིན་ཡུལ་དོན་གཅོད་ཟུར་པ་དང་བོད་ཀྱི་གསར་གཏོད་ཚོགས་པའི་འགན་འཛིན་ཐུབ་བསྟན་བསམ་གྲུབ་ལགས། དེ་བཞིན་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༥ ཙམ་ཚང་འཛོམས་ཀྱིས་ཐོག་མར་དཔལ་འབྱོར་བཀའ་བློན་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། དེ་རིང་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་ཐོན་རམ་འདེགས་ལས་གཞི་ཚན་པ་དང་། ཨིན་ཡུལ་བོད་ཁང་ཐེབས་རྩ། ཁེ་ན་ཌ་ནང་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གོ་སྒྲིག་ཞུ་མཁན་ཚོགས་པའམ་བོད་པའི་གསར་གཏོད་ Tibet Innovation བཅས་གསུམ་ཐུན་མོང་གི་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད།
སྔོན་རྩིས་དང་འབྲེལ་བའི་གྲོས་ཚོགས་གྲུབ་རྗེས་ངས་གསར་འགོད་ལྷན་ཚོགས་བསྐོང་ཚོགས་བྱས་པ་ཐོག་མ་ཆགས་ཀྱི་ཡོད་སྟབས། ད་རེས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་དང་འཚོ་གནས་ཐུབ་རྒྱུ་གཙོ་བོར་དམིགས་པ་ཞིག་དང་། ལྷག་པར་རྒྱ་གར་ནང་ཡོད་པའི་དགོན་སྡེ་གྲྭ་ཚང་དང་། སློབ་གྲྭ། མི་མང་བཅས་ཀྱི་བསྟི་གནས་ལ་སོགས་མུ་མཐུད་རྒྱུན་གནས་ཡག་པོ་ཐུབ་ཐབས་ཀྱི་ཆེད་དུ་གཞིས་ཆགས་ཁག་ནང་ཡོད་པའི་བོད་མི་གཞོན་སྐྱེས་ཀྱི་འཚོ་གནས་དང་ཆེད་མངགས་གཞིས་ཆགས་ཀྱི་སྲ་བརྟན་དང་འབྲེལ་བ་ཡོད་པའི་གཞོན་སྐྱེས་རྣམས་ལ་ལས་འགན་གྱི་གོ་སྐབས་བསྐྲུན་རྒྱུའི་འཆར་གཞི་ཆེན་པོ་ཞིག་ཡོངས་ཁྱབ་གསལ་བསྒྲགས་ཞུ་བཞིན་ཡོད།
ཐོག་མར་འཆར་གཞི་དེ་ནི་རྒྱ་གར་བོད་མིའི་གཞིས་ཆགས་གང་རུང་ཞིག་ལ་སྤེལ་དགོས་རྒྱུ་དང་། གཉིས་པ་དེར་འཆར་གཞི་འདི་སྤེལ་བ་བརྒྱུད་གཞིས་ཆགས་རྒྱུན་གནས་ཐུབ་རྒྱུ་དང་། གཞིས་ཆགས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པ། ཕྱོགས་མཚུངས་ལྔ་དང་ལྔ་བཅུའི་འཆར་གཞི་ལྟར་གཞིས་ཆགས་ཁག་ཕུགས་རྒྱང་རིང་པོ་གནས་ཐུབ་ཐབས། གསུམ་པ་དེར་ལས་གཞི་འགོ་བཙུགས་པའི་ཐོག་ནས་དམའ་མཐར་བོད་རིགས་གཞོན་སྐྱེས་ཁྱོན་གྲངས་ ༢༠ ལ་ལས་ཀའི་གོ་སྐབས་བསྐྲུན་པ་མ་ཟད། གླ་ཕོགས་ཀྱང་གང་ཙམ་ཆེན་པོ་དགོས་རྒྱུའི་འཆར་གཞི་སྐྲུན་ཡོད།
འཆར་གཞི་དེའི་མ་དངུལ་རྒྱ་གར་དངུལ་བྱེ་བ་གཅིག་ཡིན་པ་དང་། འཚང་སྙན་འབུལ་རྒྱུའི་ཉིན་མཐའ་མ་ནི་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ གོང་འབུལ་དགོས་རྒྱུ་དང་། དེ་རྗེས་དཔལ་འབྱོར་ལས་ཁུངས་ཀྱི་ཚོང་ལས་ཡར་ཐོན་རམ་འདེགས་ལས་གཞི་ཚན་པ་དང་ཁེ་ན་ཌ་ནང་རྟེན་གཞི་བྱས་པའི་བོད་པའི་གསར་གཏོད་བཅས་ཟུང་འབྲེལ་གྱིས་མཐའ་མའི་མི་གྲངས་བཅུ་འདེམས་སྒྲུག་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བསྟུན་ལས་གཞི་དང་འབྲེལ་བའི་སྐར་མ་གཅིག་ལས་མི་ཉུང་བའི་དྲིལ་བསྒྲགས་ཀྱི་བརྙན་ཐུང་ཞིག་གཟིགས་འབུལ་ཞུས་ཡོད།
དེ་རྗེས་ཨིན་ཡུལ་དོན་གཅོད་ཟུར་པ་དང་བོད་ཀྱི་གསར་གཏོད་ཚོགས་པའི་འགན་འཛིན་ཐུབ་བསྟན་བསམ་གྲུབ་ལགས་ཀྱིས Skype བརྒྱུད་ནས་གསུང་དོན། བོད་ཀྱི་གསར་གཏོད་ཞེས་པའི་ཚོགས་པ་དེ་བཞིན་འགོ་བཙུགས་ཏེ་ལོ་ ༡༠ ལྷག་ཕྱིན་ཡོད། ཚོགས་པ་བཙུགས་པའི་སྐབས་ལ་གཞིས་ཆགས་སྲ་བརྟན་ཡོང་རྒྱུའི་ཆེད་དུ་དམིགས་ནས་བཙུགས་པ་ཞིག་མིན།
སྤྱིར་བཏང་བོད་པའི་ལས་འགུལ་གང་འདྲ་ཞིག་སྤེལ་རུང་བསམ་བློ་གསར་པ་ཞིག་བཏང་བའི་ཐོག་ནས་ལས་འགུལ་སྤེལ་དགོས་པའི་གནད་འགག་དང་། གལ་ཆེན་པོ་ཞིག་ཡིན་པའི་ཐོག་ནས་ཚོགས་པ་དེ་བཙུགས་པ་ཞིག་ཡིན་པ་མ་ཟད། ཕྱོགས་མཚུངས་ཆབ་སྲིད་དང་ཚོང་འབྲེལ་ཀྱི་ལས་དོན་ཆེད་ཡིན།
ཕྱི་ལོ་ ༢༠༠༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁེ་ན་ཌའི་གྲོང་ཁྱེར་མོན་ཁྲི་ཡོལ་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས། གོ་སྒྲིག་ཚོགས་མི་རྣམས་ཀྱིས་སྐབས་དེའི་དཔལ་འབྱོར་གྱི་ཁེ་ཕན་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པ་ཞིག་ལ་གཏོང་རྒྱུའི་སྤྱི་མོས་ཐག་གཅོད་བྱུང་བ་དང་། ཆིབས་སྒྱུར་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཁག་གི་བོད་མི་གཞོན་སྐྱེས་རྣམས་ཕྱིའི་རྒྱལ་ཁབ་སོགས་སུ་ཐོན་ནས་གཞིས་ཆགས་ཁག་རྒྱུན་གནས་དང་། རིག་གཞུང་རྒྱུན་འཛིན་ཐུབ་རྒྱུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པའི་བཀའ་སློབ་ཕེབས་པར་བརྟེན། སྐབས་དེར་བྱུང་བའི་དཔལ་འབྱོར་གྱི་ཁེ་ཕན་རྣམས་མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་གཞིར་བཟུང་གཞིས་ཆགས་རྒྱུན་གནས་དང་འབྲེལ་བའི་ལས་འཆར་ཐོག་གཏོང་རྒྱུར་མོས་མཐུན་བྱུང་བ་ཞིག་ཡིན། ཞེས་དང་།
ཕྱི་ལོ་ ༢༠༠༦ ལོར་གཞིས་ཆགས་ཁག་གི་ནང་སྐོར་བསྐྱོད་དུ་ཕྱིན་ཡོད་སྐོར་དང་། ད་ཐེངས་འཆར་གཞི་འདི་ལྟ་བུ་བསྐྲུན་ཐུབ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་།
སྤྱིར་བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་བསྡུར་སྐབས། བོད་མི་སྤྱི་ཚོགས་ཁེ་ལས་པ་རྣམས་ཀྱི་ཚོང་ལས་འཆར་གཞི་ཁག་རྒྱུན་གནས་ཐུབ་པར་འགོག་རྐྱེན་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ལས་འཆར་སྙན་འབུལ་བྱུང་བ་རྣམས་བཤེར་དཔང་ལྷན་ཚོགས་ Jury ནས་དཔྱད་ཞིབ་དང་འབྲེལ་རྒྱལ་ཁ་ཐོབ་མཁན་ལ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༥ ཉིན་ཧིན་སྒོར་ས་ཡ་བཅུའི་མ་རྩའི་མཐུན་འགྱུར་གནང་རྒྱུ་ཡིན་འདུག
བོད་མི་གཞོན་སྐྱེས་རྣམས་ལ་ལས་ཀའི་གོ་སྐབས་བསྐྲུན་པའི་འགྲན་བསྡུར་ལས་གཞི་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་གཞིས་ཆགས་ཀྱི་གཞོན་སྐྱེས་མང་པོར་ཡོང་འབབ་ཡག་པོ་ཡོད་པའི་ལས་ཀ་འཚོལ་ཐབས་མེད་པར་ཕྱིར་བསྐྱོད་ཀྱིས་གཞིས་ཆགས་རྒྱུན་གནས་ཐུབ་རྒྱུར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་བཞིན་པ་དང་འབྲེལ་ནས་བྱུང་བ་ཞིག་ཡིན་སྟབས། གཞིས་ཆགས་ཀྱི་གཞོན་སྐྱེས་རྣམས་ལ་ཡོང་བབ་ཡོད་པའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་པ་ཡིན་ན། གཞོན་སྐྱེས་རྣམས་ལས་ཀའི་ཆེད་ཕྱིར་བསྐྱོད་བྱེད་མི་དགོས་པར་འཚོ་གནས་བསྐྲུན་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད།
བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ཡར་ཐོན་ཚོང་ལས་རམ་འདེགས་ཚན་པ་དང་བོད་པའི་གསར་གཏོད་ཟུང་འབྲེལ་གྱི་གོང་གསལ་ལས་གཞི་དང་འབྲེལ་བའི་དྲ་རྒྱ་ཞིག་གསར་བཟོ་ཞུས་ཡོད་པ་དེའི་ནང་བོད་མི་གཞོན་སྐྱེས་རྣམས་ལ་ཡོང་འབབ་ཡོད་པའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་པའི་འགྲན་བསྡུར་ལས་འཆར་གྱི་ཞིབ་ཕྲའི་གནས་ཚུལ་དང་། དགོས་མཁོའི་འོས་ཆོས། དྲ་ཐོག་འགེངས་ཤོག ཚོང་ལས་འཆར་གཞིའི་ཆ་རྐྱེན་བཅས་བཀོད་ཡོད་པས། དོན་གཉེར་ཅན་གྱི་བོད་མིའི་སྤྱི་ཚོགས་ཁེ་ལས་པ་རྣམས་ནས་ཚོང་ལས་ཀྱི་འཆར་གཞི་འབུལ་རྒྱུ་དང་། མི་ཚེ་གཅིག་གི་གོ་སྐབས་ཡག་ཤོས་སུ་རྩིས་ནས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
བོད་མི་གཞོན་སྐྱེས་རྣམས་ལ་ཡོང་འབབ་ཡོད་པའི་ལས་ཀའི་གོ་སྐབས་བསྐྲུན་པའི་ལས་འཆར་འགྲན་བསྡུར་གྱི་ཞིབ་ཕྲའི་གནས་ཚུལ་མཁྱེན་འདོད་ཡོད་ཚེ་དྲ་རྒྱ་ www.tibetinnovations.org ནས་གཟིགས་གནང་ཡོང་བར་ཞུ།
འཛུལ་ཞུགས་བྱེད་མཁན་རྣམས་ནས་རྩ་འཛིན་དགོས་པ།
༡༽ རང་ལོ་ ༡༨ ཡན།
༢༽ དྭང་བླངས་དཔྱ་དངུལ་ལག་དེབ་ཡོད་དགོས་པ།
༣༽ ས་གནས་སྲིད་གཞུང་ནས་ལས་དོན་གཉེར་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ངེས་པར་དུ་ཡོད་དགོས་པ།
༤༽ ཁྱེད་ཀྱི་ལས་དོན་གྱིས་བོད་མིའི་གཞིས་ཆགས་ཀྱི་བོད་རིགས་ན་གཞོན་ལ་ལས་ཀའི་གོ་སྐབས་ངེས་པར་བསྐྲུན་ཐུབ་པ་ཞིག་དགོས།
འཛུལ་ཞུགས་པ་རྣམས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡ བར་བོད་ཀྱི་གསར་གཏོད་ཡིག་ཚང་དུ་སྙན་ཞུ་འབྱོར་ཐུབ་པ་དགོས། སྙན་ཞུ་འགེངས་ཤོག་དང་མཉམ་དུ་དགོས་ངེས་ཀྱི་ཡིག་ཆ་ཁག་ངེས་པར་དུ་འབུལ་དགོས་ཤིང་། ལས་འཆར་སྒྲིག་ཕྱོགས་ཀྱི་གནས་ཚུལ་ཁག་ www.tibetinnovations.org ནས་གཟིགས་གནང་ཡོང་བ་བཅས། །