ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ལྷོ་གཞིས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཕེབས་སྐབས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་ནས་རྗེས་འབྱོར་བོད་རིགས་སྤུན་ཟླ་ཆེད་སྡོད་ཁང་གསར་རྒྱག་ལེགས་གྲུབ་ཟིན་སྟབས། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་དབུ་འབྱེད་གནང༌ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་ནས་དགེ་འདུན་ཞལ་གྲངས་བཞི་ནས་བོད་ནས་ཕེབས་པའི་རྗེས་འབྱོར་སྡོད་ཁང་གྲངས་ ༨༠ ལེགས་གྲུབ་ཀྱི་རྟེན་འབྲེལ་ཤིས་བརྗོད་གསུང་འདོན་དང་བཀྲ་ཤིས་བརྩེགས་པའི་ས་གཞི་རབ་གནས་གནང༌། དབུ་འབྱེད་མཛད་སྒོའི་ཐོག་སྦེང་ལོར་ལྷོ་སྤྱི་དང་ལུགས་བསམ་ས་གནས་འགོ་འཛིན་གཅིག་ལྕོགས་ཆོས་འཕེལ་ཐུབ་བསྟན་ལགས་དང༌། བདེ་སླར་ས་གནས་འགོ་འཛིན་ཚེ་རིང་ཆོས་འཛོམས་ལགས་ཀྱིས་གཙོས་གདན་ས་གྲྭ་ཚང་ཁག་གི་སྐུ་ཚབ་རྣམ་པ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་དང་གཞིས་གྲོང་སྤྱི་མི་དང་བོད་ནས་རྗེས་འབྱོར་དུ་ཕེབས་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ནང་སྲིད་དྲུང་ཆེས་སྣང་གསལ་ཞལ་ཕྱེ་གནང༌རྗེས་བདེ་སླར་ས་གནས་འགོ་འཛིན་ཚེ་རིང་ཆོས་འཛོམས་ལགས་ཀྱིས་སྡོད་ཁང་གསར་རྒྱག་དང་འབྲེལ་བའི་ཨར་རྒྱག་ལས་དོན་བྱེད་སྒོའི་རྒྱབ་ལྗོངས་སྐོར་གསུང་བཤད་གནང༌།
དེ་ནས་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེས་མཛད་སྒོ་ཐོག་ཕེབས་པའི་སྐུ་མགྲོན་ཡོངས་དང་དམིགས་བསལ་སྡོད་ཁང་གསར་པ་ནང་བཞུགས་མཁན་བོད་ནས་ཕེབས་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ཡང་སྒོས་ནང་སྲིད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་དང་། བོད་ནས་རྗེས་འབྱོར་བོད་རིགས་ཚོར་སྡོད་ཁང་མེད་པའི་དཀའ་ངལ་ལ་བོད་མིའི་སྒྲིག་འཛུགས་ངོས་ནས་དགོངས་པ་ཆེ་བཞེས་ཀྱིས་སྡོད་ཁང་གསར་རྒྱག་གི་ལས་གཞི་འགོ་འཛུགས་གནང་བ་བཞིན་ད་ལྟ་དངོས་སུ་ལེགས་གྲུབ་ཟིན་པར་བརྟེན་དེའི་ཐོག་མཐུན་རྐྱེན་གནང་མཁན་རོགས་ཚོགས་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་།
དེ་བཞིན་ས་གནས་ས་ཐོག་ཏུ་ཐུགས་འགན་བཞེས་མཁན་བདེ་སླར་ས་གནས་འགོ་འཛིན་གྱིས་གཙོས་ལས་བྱེད་དང་ཨར་རྒྱག་འཆར་འགོད་པ་དང་། ཨར་རྒྱག་པ་བཅས་ལ་ཡང་ཐུགས་རྗེ་ཆེ་ཞུས་པ་མ་ཟད། སྡོད་ཁང་གྲངས་ ༨༠ གསར་རྒྱག་ཞུས་ཡོད་པ་དེ་དག་རིམ་པ་གསུམ་ཡོད་པའི་ནང་བཞུགས་མཁན་གྱི་ནང་མི་གྲངས་འབོར་ལ་དཔག་པའི་བགོ་སྤྲོད་ཞུ་རྒྱུ་དང་། དོ་བདག་ཕྱིར་བསྐྱོད་ཀྱིས་གཞན་ལ་ཕྱིར་ཚོང་དང་ནང་ཤུགས་རྩ་བ་ནས་གཏང་མི་ཆོག་པའི་ཐོག་ཚང་མས་ཐུགས་སྣང་དང་ལམ་སྟོན་གཞིར་བཟུང་ལག་བསྟར་དགོས་གལ་དང་ཕན་ཚུན་འཆམ་མཐུན་ངང་གནས་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་།
མཐར་བདེ་སླར་ལས་དྲུང་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །