ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༦ རེས་གཟའ་པ་སངས་སྔ་དྲོ་ཆུ་ཚོད་༨ ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྡི་ལི་ས་གནས་བོད་མིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ལྡི་ལི་གསར་པའི་རོ་ཧི་ནི་ས་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཁྱིམ་གཞོན་ནུ་སྡོད་ཁང་དུ་ལྡི་ལི་ཁུལ་གྱི་མཐོ་སློབ་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་ཕྲུག་གིས་གཙོས་མི་མང་ལ་བཀའ་སློབ་སྩལ་དོན། ད་རེས་ངོས་རང་དགའ་རབ་ན་བྱུང་ཨང་། ཁ་སེང་རྡོ་རྗེ་གདན་ནས་ཏོག་ཙམ་ཆམ་ནད་ལྟ་བུ་གཞུག་མ་དྲག་པར་བསྡད་འདུག ཁ་སེང་ལྡི་ལིར་ཡོང་ནས་ཤེས་ཡོན་སྐོར་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་འཚོགས་པ་ལ་སོགས་བྱས་ནས་ཏོག་ཙམ་ཐང་ཆད་བྱུང་།
དེ་ནས་ཡར་རྡ་སར་ལོག་པ་རེད། ཕྱི་ཚེས་༨ ཉིན་མོར་ཡར་ཕྱིན། བདེ་པོ་ཡོད། ཕྱི་ཚེས་ ༩ དགོང་མོར་མ་བདེ་བ་ཧ་ཅང་བྱུང་ནས་འཁྱོར་འགྲོ་ཡི་འདུག ལམ་སེང་ཐག་བཅད་ནས་ལྡི་ལིར་ཡོང་བ་རེད། འདིར་མེག་སི་སྨན་ཁང་ Max Hospital དུ་དུས་དུས་ལ་བརྟག་དཔྱད་བྱེད་ཀྱི་ཡོད། སྨན་པ་ཚོའང་ངོ་ཤེས་ཆགས། གྲོགས་པོ་རྙིང་པ་རེད། ཁོང་ཚོས་བརྟག་དཔྱད་བྱས་པ་རེད། གློ་བར་ན་ཚའི་གཞི་ཏོག་ཙམ་འདུག་ཟེར་བྱུང་། དེ་ནས་མཁལ་མ་བྱས། གཞི་ལྗིད་པོ་ཡིན་པ་བཤད་བྱུང་། སྨན་ཁང་རང་དུའང་ཉིན་ཤས་བསྡད། ལག་ཐོག་ཁབ་བཙུགས་པ་རེད། ཁབ་དེ་ཧ་ཅང་སུན་པོ་བྱུང་། ལུས་པོར་སྨན་ཆུ་གཏོང་ཆེད་ཆུ་ཚོད་ལྔ་དྲུག་བར་མཚམས་རྗེས་ཁབ་རེ་འཛུགས་དགོས་སྟབས་ཧ་ཅང་སུན་པོ་བྱུང་། དགོང་མོ་ཆུ་ཚོད་ལྔ་པ་ཙམ་དང་ནམ་ཕྱེད་ལ་ཁབ་གཅིག་འཛུགས་ཀྱི་འདུག ཧ་ཅང་སུན་པོ་བྱུང་། ངོས་རང་གཉིད་ལ་དགའ་པོ་ཡོད། དེར་བརྟེན་ནམ་ཕྱེད་ཆུ་ཚོད་ ༡༢ ཙམ་ལ་གཉིད་སྐྱིད་པའི་སྒང་དེར་ཡར་བསླངས་ནས་ཁབ་ཆུ་གཏོང་སྐབས་བསུན་པོ་བྱུང་།
ཕྱིས་སུ་ངོས་ཀྱིས་རེ་འདུན་ཞིག་བཏོན་ནས་ནམ་ཕྱེད་ལ་ཁབ་ཆུ་གཏོང་མི་དགོས་པ་བརྗོད་པ་ཡིན། སྨན་པ་ཚོར་ཤོད་ས་འདུག དེ་འདྲ་བྱས་ནས་སྨན་ཁང་དུ་ཉིན་ཤས་བསྡད་པ་རེད། དེ་ནས་སྨན་ཁང་ནས་ཐོན་ནས་ཉེ་འཁྲིས་སུ་མགྲོན་ཁང་དེར་ཉིན་ཤས་བསྡད་པ་རེད། རྗེས་སུ་སྨན་པས་བརྟག་དཔྱད་བྱས་ནས་རྡ་སར་ག་དུས་ལོག་ཀྱང་འགྲིག་པ་འདུག ད་ནད་སེང་དྲག་རེད་ཅེས་ཟེར་བྱུང་། འདིར་(བོད་ཁྱིམ་གཞོན་ནུའི་སྡོད་ཁང་)མཚོན་ན་སྔ་མོ་ནས་རྒྱུས་ཡོད་རེད། ཉིན་ཤས་རིང་གྲོགས་པོ་རྙིང་པ་ཐུག་ཆེད་འདིར་ཡོང་བ་རེད། དེ་རིང་ཁྱེད་རང་ཚོ་འདི་གའི་སློབ་གྲྭའི་ཁུངས་ཀྱི་ཕྲུ་གུ་ཚོ་དང་། ལྡི་ལི་ཁུལ་གྱི་གཡས་གཡོན་ནས་ཡོང་བ་ཁྱེད་རང་ཚོ་སློབ་ཕྲུག་ཚོ་དང་འཁྱུག་ཙམ་ཐུག་ན་བསམས་པ་རེད། ཐུག་པའི་དགོས་པ་དང་དམིགས་ཡུལ་གང་རེད་བརྗོད་ན། ངོས་རང་ལོ་ན་བརྒྱད་ཅུ་གྱ་གྲངས་ནང་སླེབ་ཡོད། ང་ཚོ་བཙན་བྱོལ་བ་ཆགས་པའི་རྗེས་སུ་མི་སྣ་མང་པོ་ཐུག་གི་ཡོད། ལྷག་པར་ཚན་རིག་པ་མཁས་པ་དེ་འདྲ་མང་པོ་ཐུག་གི་ཡོད། སྔ་མོ་འདིར་ཚར་གཅིག་ ༼དབང་རྩའི་ཚན་རིག་པ་གྲགས་ཅན། ༽ རི་ཆཌ་ཌེ་ཝིཌ་སན་ Richard Davidson གྱིས་སྐད་ཆ་བཤད་པ་རེད། དྲན་གྱི་འདུག་གམ། ཚན་རིག་པ་སྙན་གྲགས་ཅན་མང་པོ་ཞིག་དང་ཐུག་གི་ཡོད།
བར་སྐབས་མོ་སི་ཀོ་མཐོ་སློབ་ Moscow University ནང་ནས་མཁས་དབང་ཞིག་གིས་མཐོ་སློབ་རང་གི་ཐོག་ནས་སེམས་ཁམས་རིག་པ་དང་། ལྷག་དོན་མི་གྲོངས་ནས་ཐུགས་དམ་ལ་བཞུགས་ཟེར་བ་ཞིག་ཡོད། དཔེར་ན་ངོས་ཀྱི་དགེ་རྒན་ཡོངས་འཛིན་གླིང་རིན་པོ་ཆེ་དགོངས་པ་རྫོགས་ནས་ཉིན་བཅུ་གསུམ་རིང་ཐུགས་དམ་བཞུགས་པ་རེད། སྐུ་སོས་པ་བྱས་ནས་བཞུགས་པ་རེད། རྡ་སར་སྨན་པ་ཡོང་ནས་བརྟག་དཔྱད་བྱས་ནས་གཤེགས་ཟིན་འདུག འོན་ཀྱང་སྐུ་གཟུགས་སོས་པ་བྱས་ནས་བཞུགས་སྐབས་དམིགས་བསལ་རེད། དེ་མུར་བཞག་ན་འགྲིག་གི་རེད་ཅེས་དེ་འདྲ་བྱུང་བ་རེད། ཕྱོགས་མཚུངས་བོད་པའི་བླ་མ་ཞིག་ཡོད། ནིའུ་ཛི་ལེནྜིའི་སྨན་ཁང་ནང་གཤེགས་རྗེས་ཐུགས་དམ་ལ་བཞུགས་པ་རེད། དེར་བརྟེན་སྨན་པས་སྤྱིར་བཏང་བྱས་ན་གྲོངས་ཟིན་པའི་ཕུང་པོ་དེ་སྨན་ཁང་ནས་བཏོན་དགོས་ཀྱང་འདི་མི་འདྲ་བ་ཞིག་རེད་འདུག ཁྱེད་རང་ཚོའི་འགྲོ་སྟངས་ལྟར་དུས་ཡུན་ཇི་ཙམ་བཞག་ཀྱང་ཁྱེད་ཚོའི་འདོད་བབ་རེད། ཅེས་དམིགས་བསལ་སྤྲད་པ་རེད། དེ་ལྟ་བུའི་ཐུགས་དམ་བཞུགས་མཁན་བར་སྐབས་མང་པོ་ཞིག་བྱུང་ཡོད།
དེ་ཚོའི་གྲས་ལ་དམིགས་བསལ་བརྟག་དཔྱད་བྱ་རྒྱུའི་ཡོ་བྱད་དེ་འདྲ་ཞིག་མོ་སི་ཀོ་མཐོ་སློབ་ནས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་བཞག་ནས་སེར་འབྲས་དགའ་གསུམ་སོགས་ནས་ཐུགས་དམ་བཞུགས་མཁན་བྱུང་ཚེ་དམིགས་བསལ་བརྟག་དཔྱད་བྱ་རྒྱུ་ཞིག་མོ་སི་ཀོ་མཐོ་སློབ་ཀྱིས་བྱས་པ་རེད། སྤྱིར་བརྟག་དཔྱད་བྱ་རྒྱུའི་ཡོ་བྱད་སྟབས་བདེ་ཞིག་དེ་སྔ་རྡ་སར་ཡོད། ད་ཆ་འཛམ་གླིང་འདིའི་སྟེང་ཕྱི་དངོས་པོའི་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་སེམས་ཁམས་རིག་པའི་སྐོར་ལ་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་གང་ཡང་ཤེས་ཀྱི་མེད། སེམས་ཁམས་རིག་པའི་སྐོར་དེ་རྒྱ་གར་ཁོ་ན་རེད། རྒྱ་གར་ཡང་སྔ་མོ་སེམས་ཁམས་རིག་པའི་སྐོར་ལ་ཧ་ལས་པའི་ཡར་རྒྱས་ཡོད་པ་དང་ཕྱུག་པོ་རེད། འོན་ཀྱང་ད་ཆ་ཉམས་ཚར་བ་རེད། རྒྱ་གར་གྱི་སེམས་ཁམས་རིག་པའི་སྐོར་གཙོ་བོར་གྱུར་བའི་ཚད་མ་རིག་པ་དང་ལྟ་གྲུབ་དེ་ཚོའི་སྐོར་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡོད་པ་དེ་དག་དུས་རབས་བརྒྱད་པ་ནས་མཁན་ཆེན་ཞི་བ་འཚོས་བོད་པར་རྩིས་སྤྲོད་གནང་ནས་དཔལ་ནཱ་ལེནྡྲའི་མཁས་དབང་ཚོས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་རིག་གནས་བཅུ་པོ་དེ་དག་ང་ཚོ་བོད་པར་ངོ་སྤྲོད་དང་རྩིས་སྤྲོད་ལྟ་བུ་གནང་བ་རེད། བོད་པ་ཚོས་ཀྱང་དུས་རབས་བརྒྱད་པ་ནས་དུས་ད་ལྟ་བར་རྒྱ་གར་མཁས་པའི་རིག་གཞུང་ང་ཚོ་བོད་པས་བདག་པོ་བརྒྱབ་ནས་ད་བར་གནས་ཐུབ་པ་འདི་ཧ་ལས་པ་རེད་འདུག
དེར་བརྟེན་དེང་སྐབས་འཛམ་གླིང་འདིའི་སྟེང་དངོས་པོ་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ཀྱང་སེམས་ཁམས་རིག་པའི་སྐོར་ལ་ཐུག་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཧ་ཅང་རྨོངས་པ་རེད། འདི་ངོས་ཀྱིས་མཐོང་ཆུང་ཁྱད་གསོད་བྱས་པ་མིན། ༼བཞད་མོ་བཞད།)༽ རྒྱ་གར་གྱི་གནའ་རབས་སེམས་ཁམས་རིག་པའི་སྐོར་ཧ་ལས་དགོས་པ་ཞིག་ཡོད། འདི་བོད་མི་ཚོས་བདག་པོ་བརྒྱབ་ནས་ད་བར་ཡོད་པ་འདི་གཞི་ནས་འཛམ་གླིང་འདིའི་སྒང་ལ་མཁས་དབང་མང་པོ་ཞིག་དང་ཐུག བགྲོ་གླེང་སོགས་བྱེད་སྐབས་ཚན་རིག་པ་མང་པོ་ཞིག་གིས་ང་ཚོར་ཧ་ཅང་དགའ་པོ་བྱས་ནས་སེམས་ཁམས་རིག་པ་དང་ཚད་མ་རིག་པ། ལྟ་གྲུབ། ཚད་རྡུལ་དངོས་ཁམས་རིག་པ་ quantum physics དེ་ཚོའི་གྲས་བོད་མི་ཚོས་ལོ་ངོ་སྟོང་ཕྲག་རིང་བདག་པོ་བརྒྱབ་པ་དེ་དག་ལ་ངོ་མཚར་སྐྱེས་ནས་དེ་ནས་ཚུར་སློབ་སྦྱོང་བྱ་རྒྱུར་དོ་སྣང་ཧ་ཅང་བྱེད་ཀྱི་འདུག
སྤྱིར་ནང་པའི་གཞུང་ནས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་སྐོར་གསུང་ཡོད། བསྐལ་པ་མེས་འཇིག ཆུས་འཇིག འཛམ་གླིང་བྱེ་བ་ཕྲག་བརྒྱ། ཆགས་པའི་བསྐལ་པ། སྟོང་པའི་བསྐལ་བ། གནས་པའི་བསྐལ་པ། ཞེས་གཞུང་ནང་གསུང་ཡོད། འོན་ཀྱང་ཞིབ་ཚགས་པོ་ཚན་རིག་པ་ནས་ཚུར་སློབ་སྦྱོང་ལེན་དགོས་པ་མང་པོ་འདུག ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱས་ནས་ཕན་ཚུན་བློ་སྐྱེད་བླངས་པའི་འབྲས་བུར་ངོས་ལ་ཆ་བཞག་ན་རི་རབ་ལ་ཡིད་ཆེས་བྱེད་ཀྱི་མེད། ང་ཚོའི་སྤོ་ལགས་དང་རྨོ་ལགས་དེ་ཚོས་ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། ཞེས་མཎྡལ་འབུམ་གསོག་མཁན་དེ་ཚོའི་གྲས་ངོས་ཀྱིས་རི་རབ་ཡོད་མ་རེད་ཟེར་དུས་གང་དྲན་གྱི་ཡོད་དམ་བསམ་པ་དྲན་གྱི་འདུག འདི་ང་ཚོའི་ཚད་མ་རིག་པའི་གཞུང་ནང་སྒྲུབ་རྟགས་ཡང་དག་དང་དགག་རྟགས་ཡང་དག་ཅེས་དགག་རྟགས་བཤད་ཡོང་དུས་མི་སྣང་བ་མ་དམིགས་དང་སྣང་རུང་མ་དམིགས་པ་ཞེས་བཤད་ཡོང་གི་ཡོད། གལ་ཏེ་རི་རབ་ཡོད་ན་སྣང་དུ་རུང་བ་རེད། སྣང་དུ་རུང་བ་ཞིག་མི་སྣང་དུས་མེད་པར་ཐག་བཅད་དགོས། སྣང་རུང་མ་དམིགས་པའི་གཏན་ཚིག་ཏག་ཏག་འགྲོ་ཡི་ཡོད། རི་རབ་ནི་དམིགས་བསལ་བ་ལས་དག་པས་མཐོང་རྒྱུ་རེད། སྤྱིར་བཏང་བས་མཐོང་གི་མ་རེད་ཅེས་བརྗོད་དགོས་བྱུང་ན་ཧ་ཅང་ཁག་པོ་རེད། རི་རབ་གི་གྲིབ་ནག་ང་ཚོས་མཐོང་གི་ཡོད་པའི་སྐད་ཆ་རེད། མཁྱེན་སོང་ངམ།
ཉི་མ་དང་ཟླ་བ་རི་རབ་ལ་སྐོར་བ་བརྒྱབ་ནས་ཉི་མ་རི་རབ་ཀྱི་བྱང་ལ་སླེབ་པའི་སྐབས་སུ་ལྷོ་ཕྱོགས་དེ་ནག་ཁུང་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་རི་རབ་ཀྱི་གྲིབ་ནག་ང་ཚོས་མཐོང་གི་ཡོད། གྲིབ་ནག་དེ་ང་ཚོས་མཐོང་ཡང་གྲིབ་ནག་གང་ནས་ཡོང་བའི་རི་རབ་དེ་ང་ཚོས་མ་མཐོང་བ་དེ་ཡོད་རེད་ཅེས་ཇི་ལྟར་བརྗོད་ཐུབ་བམ། རི་རབ་ཀྱི་གྲིབ་ནག་དེ་ང་ཚོས་མཐོང་དུས་རི་རབ་དེའང་ང་ཚོས་མཐོང་དགོས། དེ་ཚོ་གནད་འགག་གང་ཡང་མེད།
བཅོམ་ལྡན་འདས་འཛམ་གླིང་འདིའི་སྟེང་འཛམ་གླིང་གི་ས་ཁྲ་བཟོ་སླད་ཕེབས་མེད། ཅེས་ངོས་ཀྱིས་སྔ་མོ་ནས་དེ་འདྲ་བརྗོད་མྱོང་། བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་སྐོར་གསུང་ནས་གཙོ་བོ་སེམས་ཁམས་རིག་པ་དང་། སེམས་ལ་བསྒྱུར་བ་ཇི་ལྟར་གཏོང་དགོས་མིན། ཞི་བདེ་ཕྱི་ནས་སྒྲུབ་རྒྱུ་མིན་པར་ཞི་བདེ་སེམས་ཀྱི་ནང་ནས་བཟོ་རྒྱུ། བཅོམ་ལྡན་འདས་ཧ་ལས་པ་རེད་འདུག དེང་སྐབས་ཚན་རིག་པ་ཚོས་དངོས་གནས་ངོ་མཚར་སྐྱེས་ནས་དོ་སྣང་ཧ་ཅང་བྱེད་ཀྱི་འདུག ཆོས་མེད་མཁན་ཚོས་ཀྱང་ནང་པའི་གཞུང་ནས་གསུང་པའི་སེམས་ཁམས་རིག་པའི་རྣམ་གཞག་སོགས་ལ་དོ་སྣང་ཧ་ཅང་བྱེད་ཀྱི་འདུག
ང་ཚོ་བོད་པས་ད་བར་དཔལ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་རིག་གནས་ཆེ་ཆུང་དེ་དག་ང་ཚོས་ཉར་ཚགས་བྱས་ནས་བདག་པོ་བརྒྱབ་པ་དེང་སྐབས་འཛམ་གླིང་འདིའི་སྟེང་དགོས་མཁོ་ཡོད་པ་དང་ཕན་ཐོགས་ཡོད་པ་ཞིག་ཆགས་ཡོད། གཙོ་བོ་རིག་གནས་ཆེ་བ་ལྔ་དེ་དག་རེད། རིག་གནས་ཆེ་བ་ལྔ་དེ་དག་གིས་ཚད་མ་རིག་པ་དང་། སེམས་ཁམས་རིག་པ། ལྟ་གྲུབ་སོགས་འགྲེལ་བཤད་རྒྱག་ཡོང་དུས་བོད་སྐད་ཡག་ཤོས་རེད་འདུག ཨིན་སྐད་ཐོག་འདང་རྒྱུ་མེད་པ་མ་ཟད། འབྲེལ་བ་ཡང་མེད། སྔ་མོ་ཡིན་ན་ལེགས་སྦྱར་སྐད་ཧ་ཅང་ཕྱུག་པོ་རེད། དེང་སྐབས་མཁས་པ་རེ་བཟུང་གིས་བེད་སྤྱོད་བྱེད་རྒྱུ་མ་གཏོགས་ཉམས་ཟིན་པ་རེད། མཁན་ཆེན་ཞི་བ་འཚོས་ཁྲི་སྲོང་ལེའུ་བཙན་ལ་ཁྱེད་རང་ཚོར་སྐད་ཡིག་འདུག
ངོས་ཀྱིས་རྩེད་མོ་དང་སྦྲགས་འདི་ལྟར་བཤད་ཀྱི་ཡོད། སྲོང་བཙན་སྒམ་པོས་རྒྱ་ནག་གོང་མ་ཐང་གི་སྲས་མོ་དང་གཉེན་སྒྲིག་བྱས་ནས་བཙུན་མོར་བསུ་བའི་སྐབས་ལྷ་སའི་ཇོ་བོ་དེ་གནང་འདུག རྡོ་རྗེ་གདན་གྱི་ཐོག་བརྩེགས་སྒང་དེར་བཞུགས་ཁྲི་སྟོང་པ་ཞིག་འདུག་པ་དེར་ལྷ་སའི་ཇོ་བོ་དང་པོ་དེ་ནས་ཕེབས་པ་རེད་ཟེར། དེ་ནས་གོང་མ་ཐང་གི་སྐབས་མར་རྒྱ་ནག་ཏུ་ཕེབས་པ་རེད། གོང་མ་ཐང་གི་རྒྱལ་ས་ནི་རྒྱ་ནག་ཤི་ཨན་ཟེར་བ་དེ་རེད། སྔ་མོ་ཕྱི་ལོ་ ༡༩༥༤།༡༩༥༥ ལོར་ངོས་རང་པེ་ཅིང་ནས་ཡར་ལོག་ཡོང་བའི་སྐབས་ཤི་ཡན་དུ་སླེབས་པ་རེད། ཐང་གི་རྒྱལ་ས་ཤི་ཨན་དུ་ནང་པའི་ལྷ་ཁང་ཞིག་འདུག དེར་བཞུགས་ཁྲི་སྟོང་པ་ཞིག་འདུག དེ་ནས་ལྷ་སའི་ཇོ་བོ་ལྷ་སར་གདན་འདྲེན་ཞུས་པ་རེད་ཟེར་གྱི་འདུག ལྷ་སའི་ཇོ་བོ་སྔ་མོ་རྡོ་རྗེ་གདན་དུ་བཞུགས། དེ་ནས་རྒྱ་ནག་ཤི་ཨན་དུ་ཕྲན་བུ་བཞུགས། དེ་ནས་ཡར་ལྷ་སར་ཕེབས། ལྷ་སར་རིག་གནས་གསར་བརྗེ་སྐབས་རྒྱ་ནག་གིས་མདུང་བཙུགས་ནས་ཟུར་དེར་ཀོང་དོང་བཟོས་འདུག བོད་པས་ལོ་ངོ་སྟོང་ཕྲག་རིང་དད་འདུན་བྱས་ནས་ཧ་ཅང་རྩ་ཆེན་པོ་རྩི་ཡི་ཡོད་པ་རེད། རིག་གནས་གསར་བརྗེ་སྐབས་ལྷ་སའི་ཇོ་བོ་ཉེས་ཆད་བཟས་འདུག ཅེས་ཞལ་ཤོབ་མཛད།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རྒྱ་ནག་གོང་མའི་སྲས་མོ་དང་ལྷན་གཉེན་སྒྲིག་བསྐྱོན་ནས་ཧ་ཅང་སྤྲོ་བོ་གནང་ཡོད་པ་རེད། འོན་ཀྱང་རྒྱ་མིའི་ཡི་གེ་ཧ་ཅང་རྙོག་གྲ་ཆེན་པོ་གཟིགས་ནས་རྒྱ་ཡིག་ལ་དཔེ་བལྟས་ནས་བོད་པའི་ཡི་གེ་བཟོ་མི་འདུག རྒྱ་གར་གྱི་ཡི་གེ་ Devnagari དཔེ་བལྟས་ཏེ་བོད་པའི་ཡི་གེ་དབྱངས་དང་གསལ་བྱེད་ཀ་ཁ་ག་ང་དེ་དག་བཟོ་འདུག ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་མཁན་ཆེན་ཞི་བ་འཚོས་ཁྱེད་རང་ཚོར་བོད་ཡིག་དང་བོད་སྐད་འདུག དེར་བརྟེན་ངེས་པར་དུ་ལེགས་སྦྱར་དང་པཱ་ལིའི་སྐད་བསླབ་དགོས་དོན་མེད། བོད་སྐད་ནང་བསྒྱུར་ཞེས་མཁན་ཆེན་ཞི་བ་འཚོ་ཁོ་རང་གིས་བོད་སྐད་བསླབ་རྒྱུ་འབད་བརྩོན་གནང་བ་རེད་ཟེར་གྱི་འདུག ང་ཚོར་བཀའ་འགྱུར་པོ་ཏི་བརྒྱ་དང་བསྟན་འགྱུར་པོ་རི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་དེ་དག་ཚང་མ་བོད་ཡིག་ནང་ཡོད།
དེང་སྐབས་སེམས་ཁམས་རིག་པ་དང་ལྟ་གྲུབ་སྐོར་འགྲེལ་བཤད་རྒྱག་དགོས་བྱུང་ན་བོད་ཡིག་ཡག་ཤོས་རེད་འདུག འདི་བོད་མི་རིགས་ཀྱི་སྤེབས་པ་སྐྱེ་རྒྱུ་ཞིག་རེད། ཚན་རིག་སོགས་ཀྱི་གནས་ཚུལ་ཐོག་བོད་ཡིག་དེ་སྔ་ཡར་རྒྱས་ཕྱིན་མེད། གོ་སྐབས་མ་བྱུང་བ་རེད། དཔལ་ནཱ་ལེནྡྲའི་མཁས་པའི་གཞུང་དེ་དག་ཐོག་བོད་ཡིག་ཧ་ཅང་ཡརབ་རྒྱས་ཕྱིན་འདུག དེང་སྐབས་སེམས་ཁམས་རིག་པ་དང་དེ་ཚོའི་གྲས་འགྲེལ་བཤད་མཐིལ་ཕྱིན་རྒྱག་དགོས་བྱུང་ན་བོད་ཡིག་ཡག་ཤོས་རེད་འདུག འདི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད། དེར་བརྟེན་ངོས་ཀྱིས་རྟག་པར་འདི་ལྟར་བརྗོད་ཀྱི་ཡོད། བོད་པ་གཞོན་སྐྱེས་ཚོ་བོད་ཡིག་ལ་དོ་སྣང་ཡག་པོ་བྱེད་དགོས། ཤེས་སོང་ངམ།
ང་ཚོའི་རིག་གནས་གཏིང་ཟབ་པོ་དེ་ཚོའི་གྲས་སློབ་སྦྱོང་དང་འགྲེལ་བཤད་རྒྱག་རྒྱུར་བོད་ཡིག་དང་བོད་སྐད་ཡག་ཤོས་རེད་འདུག སེམས་ཁམས་རིག་པ་ནི་གང་ལྟར་མིའི་སེམས་འཁྲུག་པ་དང་སེམས་གུ་དོག་ཐོག་ལ་བསམ་བློ་བཏང་ནས་སེམས་ལྷོད་ལྷོད་བཟོ་རྒྱུ་འདི་རྒྱ་གར་མཁས་པའི་སེམས་ཁམས་རིག་པའི་ནང་དེ་ལྟར་འདུག སྔོན་འགྲོའི་སློབ་གྲྭ་ནས་གཟུགས་པོའི་འཕྲོད་བསྟེན་སྐོར་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་ལྟར་སེམས་ཀྱི་བདེ་སྡུག་གི་འཕྲོད་བསྟེན་སྐོར་སློབ་སྦྱོང་བསླབ་དགོས་ཀྱི་འདུག་ཅེས་ ངོས་ཀྱིས་དེང་སྐབས་འདི་ལྟར་བརྗོད་ཀྱི་ཡོད། གཟུགས་པོའི་འཕྲོད་བསྟེན་བྱས་ནས་ལུས་པོ་བདེ་བོ་ཡོད་ནའང་སེམས་རྦད་དེ་འཁྲུག་པ་ཡིན་ན། མི་ཁོ་རང་སྐྱིད་པོ་གང་ཡང་མེད་པ་མ་ཟད། གཟུགས་པོ་བདེ་བོ་ཡང་ཡོང་གི་མ་རེད། སེམས་ནང་རླུང་ལངས་ནས་སྲོག་རླུང་འཕར་ནས་བསྡད་པ་ཡིན་ན། རིམ་པས་གཟུགས་པོ་མ་བདེ་བ་ཆགས་ཡོང་གི་འདུག དེར་བརྟེན་ལུས་པོའི་འཕྲོད་བསྟེན་སྐོར་བསླབ་པ་དང་ཆབས་ཅིག་སེམས་ཀྱི་འཕྲོད་བསྟེན་སྐོར་བསླབ་རྒྱུ་གལ་ཆེན་པོ་འདུག་ཅེས་ངོས་ཀྱིས་བརྗོད་ཀྱི་ཡོད། སེམས་ཀྱི་འཕྲོད་བསྟེན་སྐོར་བསླབ་རྒྱུ་ནི་ཆོས་བྱེད་རྒྱུའི་སྐད་ཆ་གང་ཡང་མ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།