ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ག་གྷལ་གནམ་ཐང་བརྒྱུད་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨན་དཱཛ་ Andaz Hotel གསོལ་མགྲོན་ཁང་ནང་སྤྱི་ཚོགས་དང་། སེམས་ཚོར།
བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་རྩ་འཛིན་གཏན་འབེབས་ཀྱི་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཞིག་གི་ཐོག་སྐུ་མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨན་དཱཛ་གསོལ་མགྲོན་ཁང་དུ་སྤྱི་ཚོགས་དང་། སེམས་ཚོར་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དབུ་འབྱེད་མཛད་ཡོད། དེ་བཞིན་མཛད་འཕྲིན་གཞན་ཁག་གཅིག་བཅས་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༨ ཉིན་གྱི་ཆུ་ཚོད་ ༡༡། ༤༥ ཙམ་ལ་ག་གྷལ་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག དེ་བཞིན་བཞུགས་སྒར་རྡ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས། །