ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༥ རེས་གཟའ་པ་སངས་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ Andaz Hotel གསོལ་མགྲོན་ཁང་དུ་སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་སྤེལ་བའི་ཤེས་ཡོན་སློབ་གསོའམ་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་རྒྱལ་སྤྱིའི་ཐོག་དབུ་འབྱེད་མཛད་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ Manish Sisodia མཆོག་དང་། བྱིས་པའི་ཐོབ་ཐང་འཐབ་རྩོད་པ་ནོ་ལྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལཤི་སཏྱཱརཐི་མཆོག ཨེ་མོ་རི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་བློ་བཟང་བསྟན་འཛིན་ནེ་གི་ལགས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག
ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག ཤེས་ཡོན་སློབ་སྟོན་པ། དཔལ་ས་སྐྱའི་སྐྱབས་མགོན་གོང་མ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག དགོན་སྡེ་གྲྭ་ཚང་ཁག་གི་མཁན་པོ་དང་ལས་ཚབ། རྒྱ་གར་གྱིས་གཙོས་འཛམ་གླིང་རྒྱལ་ཁབ་ཁག་ ༣༧ ནས་སློབ་གྲྭ་ཁག་གི་སྐུ་ཚབ་དང་། སྤྱི་ཚོགས་ཞབས་ཞུ་བ། ཤེས་ཡོན་དང་འབྲེལ་བའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་མི་གྲངས་ ༡༣༠༠ ལྷག་ལྷན་འཛོམས་ཀྱིས་ཐོག་མར་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་རྣམས་ནས་ཕེབས་བསུའི་གསུང་བཤད་གནང་གྲུབ་མཚམས་བློ་བཟང་བསྟན་འཛིན་ནེ་གི་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་གིས་སྐད་ཡིག་ ༡༢ ནང་ཕབ་བསྒྱུར་གནང་བའི་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞི་དབུ་འབྱེད་མཛད། དེ་རྗེས་ལྡི་ལི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་མཆོག་གིས་གསུང་བཤད་གནང་དོན། བསླབ་གཞི་འདི་ནི་དེང་སྐབས་ཀྱི་འཛམ་གླིང་ནང་ལེགས་སྐྱེས་ཆེ་ཤོས་དང་། མིའི་རིགས་གཅིག་མཚུངས་ངང་གནས་ཐབས། དྲག་སྤྱོད་དང་སྡང་སེམས་ལས་བྱུང་བའི་དཀའ་ངལ་ཁག་སེལ་བའི་ཐབས་ལམ་ཁོ་ན་ཡིན།
བསླབ་གཞི་འདི་གཏན་འབེབས་བྱས་པའི་བརྒྱུད་རིམ་ཁྲོད་བསམ་ཚུལ་བརྗེ་རེས་དང་བསླབ་གཞིའི་ལག་དེབ་སྔོན་འབྱོར་བྱུང་བའི་སྟབས་ཀྱིས། བསླབ་གཞི་འདི་ཚན་རིག་དང་མཐུན་པ་རེད། ལོ་གཅིག་གི་སྔོན་ནས་བཟུང་ལྡི་ལིའི་གཞུང་གི་སློབ་གྲྭ་ཁག་ ༡༠༠༠ ཙམ་གྱི་ནང་སློབ་ཕྲུག་འབུམ་ ༡༥ ཙམ་དང་། དགེ་རྒན་ཁྲི་གཉིས་ཙམ་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་བཞིན་ཉིན་རེའི་སྔ་དྲོར་བདེ་སྐྱིད་ཀྱི་སློབ་ཚན་་Happiness Curriculum སློབ་ཁྲིད་བྱེད་བཞིན་ཡོདཔ་དེར་གྲུབ་འབྲས་རྒྱ་ཆེན་པོ་བྱུང་ཡོད། དགེ་རྒན་དང་ཕ་མ་སོགས་ཀྱིས་བསྟོད་བསྔགས་རྒྱ་ཆེན་པོ་ཐོབ་ཀྱི་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་ཁག་ཚང་མའི་ནང་བདེ་སྐྱིད་ཀྱི་བསླབ་གཞི་དང་སྤྱི་ཚོགས་དང་སེམས་མྱོང་། བཟང་སྤྱོད་བཅས་ཀྱི་བསླབ་གཞི་གཉིས་གང་རུང་གང་མགྱོགས་གཏན་འབེབས་ཡོང་བའི་རེ་བ་ཞུས་པ་ལྟར། ༧གོང་ས་མཆོག་གི་དབུས་ཐེངས་འདིའི་བསླབ་གཞི་གཏན་འབེབས་ནང་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་ནོ་ལྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་སྐུ་ཞབས་ཀེ་ལཤི་སཏྱཱརཐི་མཆོག་བཅས་ཀྱིས་གསུང་བཤད་གནང་དོན། ང་ལ་ནོ་བེལ་ཞི་བདེའི་གཟེངས་གནང་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་བྱེད་སྐབས། ངའི་གྲོགས་པོ་དང་གསར་འགོད་པ་འགའ་ཤས་ཀྱིས་ཀེ་ལ་ཤི་ལགས་ཁྱེད་རང་འཛམ་གླིང་གི་ཁྱད་དུ་འཕགས་པའི་བཟང་སྤྱོད་ཀྱི་དབུ་ཁྲིད་དང་ལྷན་དུ་མཉམ་ཞུགས་བྱ་རྒྱུ་རེད་ཅེས་བརྗོད་བྱུང་། ངས་ང་བློ་གྲོས་ལྡན་པའི་བྱིས་པ་གཉིས་དང་ལྷན་དུ་མཉམ་ཞུགས་བྱ་རྒྱུ་ཡིན་ཞེས་ལན་འདེབས་བྱས་པ་ཡིན། དེར་ཁོ་ཚོས་ཁྱེད་ཀྱི་མི་ཚེ་ཧྲིལ་པོ་བྱིས་པའི་ལྷན་དུ་བཞུགས་ཡོད་ལ། སྤྱོད་པ་དག་ཀྱང་བྱིས་ཚུལ་ལྟར་ཡིན་པས། ཁྱེད་ཀྱིས་བརྗོད་པའི་བྱིས་པ་གཉིས་དེ་སུ་རེད་ཅེས་དྲིས་པར། ངས་གཅིག་ནི་ཡེ་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་དང་། གཅིག་ཤོས་དེ་༧གོང་ས་ཏའ་ལའི་བླ་མ་མཆོག་རེད་ཅེས་ལན་འདེབས་བྱས་པ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བཀུར་འོས་ཆོས་གྲོགས་ཕོ་མོ་རྣམ་པ། ངོས་རང་ཉིད་ཀྱང་འགྲོ་བ་མི་འཐེར་འབུམ་བདུན་ཡོད་ཁོངས་ནས་གཅིག་ཡིན། དེར་བརྟེན་འགྲོ་བ་མི་རིགས་སྤྱིའི་བདེ་ཐབས་ལ་དམིགས་ནས་ལྷན་ཚོགས་འདི་ལྟ་བུར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། འཛམ་གླིང་ཆགས་རྗེས་རིམ་བཞིན་སྲོག་ཆགས་ཐོག་མར་བྱུང་སྐབས་ནུ་ཞོའི་སེམས་ཅན་ཁྲོད་རྙོག་གྲ་མང་ཤོས་བཟོ་མཁན་མི་ཆགས་ཡོད། སྤྱིར་སྲོག་ཆགས་གཞན་ཚོར་ཡང་རང་གཅེས་འཛིན་གྱི་བསམ་བློར་བརྟེན་པའི་ཆགས་སྡང་གི་བློ་ཡོད། སྐབས་རེ་རླུང་ལངས་ནས་གནོད་འཚེ་ཕྲན་བུ་བྱེད་རེས་བྱེད་ཀྱི་ཡོད། ང་ཚོ་འགྲོ་བ་མིར་མཚོན་ན་མིའི་རྣམ་དཔྱོད་ལ་བརྟེན་ནས་གནོད་འཚེ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད། འོན་ཀྱང་རྣམ་དཔྱོད་དེ་ལ་བརྟེན་ནས་རླབས་ཆེན་གྱི་བྱ་བ་མང་པོ་ཞིག་བསྒྲུབ་ཐུབ་བཞིན་ཡོད།
ངོས་ཀྱིས་གོང་དུ་བརྗོད་མ་ཐག་པ་ལྟར་གལ་ཏེ་མིའི་རྣམ་དཔྱོད་དེ་བེད་སྤྱོད་ལོག་པ་བཏང་བ་ཡིན་ན་གཏོར་བཤིག་ཚབས་ཆེ་བྱེད་ཐུབ། གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་རེད། ཧ་ཅང་ཡག་པོ་ཡོད། དཔེ་མཚོན་ཞིག་གཞག་པ་ཡིན་ན། ངོས་ཀྱི་དཔའ་བོ་འདིར་ཕེབས་པ་སྐུ་ཞབས་རི་ཆཌ་མོར་ཁོང་བྱང་ཕྱོགས་ཨ་ཡིར་ལེན་དུ་ཆུང་དུས་ཨིན་ཇིའི་དམག་མི་ཞིག་གིས་ཟིང་འཁྲུག་ཞོད་འཇག་ཆེད་འགྱིག་མདེལ་བརྒྱབ་སྟེ་མིག་གཉིས་ཀ་ལོང་བ་རེད། དྲན་པ་ལས་ཡར་གསོ་སྐབས་ཁོང་གི་བསམ་བློ་ཐོག་མ་དེ་ཞེ་སྡང་དང་འཁོན་སེམས་མིན་པར་རང་ཉིད་ཀྱི་ཨ་མ་ལགས་ཀྱི་ཞལ་རས་མཇལ་ཐུབ་ཀྱི་མ་རེད་བསམས་པའི་བསམ་བློ་འཁོར་འདུག ངོ་མཚར་ལྡན་པ་རེད། ངོ་མཚར་ལྡན་པ་རེད། རང་ཉིད་ལོང་བ་བཟོ་མཁན་ཨིན་ཇིའི་དམག་མི་དེར་འཁོན་འཛིན་ནམ་ཡང་བཅང་མེད། མཐར་ཁོང་གཉིས་གྲོགས་པོ་བློས་ཐུབ་ཆགས་ཐུབ་ཡོད། དེས་གང་མཚོན་བཞིན་ཡོད་པ་བརྗོད་ན་འགྲོ་བ་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ཡིན་པ་གསལ་པོར་མཚོན་པ་རེད།
དེང་སྐབས་ཚན་རིག་པ་ཚོས་ཀྱང་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཡིན་སྐོར་བཤད་ཀྱི་ཡོད། ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་རེད། རང་ཉིད་འཚོ་བར་གཞན་གྱི་བྱམས་བརྩེ་ལ་མཐའ་གཅིག་ཏུ་བརྟེན་དགོས་པ་རེད། ཐོག་མར་ཆུང་བྱིས་པའི་དུས་སུ་མའི་བྱམས་བརྩེར་བརྟེན་དགོས་པ་དང་། ན་ཚོད་ཡར་རྒས་སྐབས་གྲོགས་པོ་གྲོགས་མོའི་བྱམས་བརྩེའི་འབྲེལ་བར་བརྟེན་དགོས། གོང་དུ་གསུང་བཤད་གནང་བ་ལྟར་ཕྲུ་གུ་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་འགོ་འཛུགས་སྐབས་བཟང་སྤྱོད་དེ་དག་ཐོག་དོ་སྣང་གང་ཡང་བྱེད་ཀྱི་མེད། དེང་དུས་ཤེས་ཡོན་སློབ་སྦྱོང་དེ་གཙོ་བོ་ཕྱི་དངོས་པོའི་དཔལ་འབྱོར་མཐུན་རྐྱེན་གོང་འཕེལ་གཏོང་ཐབས་ལ་དམིགས་བཞིན་ཡོད། དེར་བརྟེན་བྱིས་པའི་བློ་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་བསམ་བློ་དེ་རིམ་བཞིན་བག་ལ་ཉལ་བའི་ཚུལ་དུ་གནས་བཞིན་ཡོད། ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་བློ་དེ་བག་ལ་ཉལ་བའི་ཚུལ་དུ་གནས་ནས་ཕྱི་དངོས་པོའི་མཐོན་སྐྱེས་ལ་དང་དོད་ཤུགས་ཆེ་བྱས་པར་བརྟེན།
འདོད་ཡོན་བསྒྲུབ་ཆེད་མིའི་ཕུལ་བྱུང་གི་རྣམ་སྤྱོད་ཚུལ་མིན་སྤྱོད་བྱེད་ནས་གཏོར་བཤིག་ཚབས་ཆེ་བཟོ་བཞིན་ཡོད། མིའི་རྣམ་དཔྱོད་དེ་སྨོན་ལམ་བརྒྱབ་ནས་ལེགས་པའི་ཆ་ཞིག་བཟོ་མ་ཐུབ། རྒྱུ་མཚན་ལ་བརྟེན་ནས་རྣམ་དཔྱོད་དེ་ལེགས་པའི་ཆ་ཞིག་ཏུ་འགྱུར་ཐུབ། ཐོག་མར་རིག་པའི་ལམ་ནས་དཔྱད་པ་བྱས་ཏེ་ཉོན་མོངས་དང་འབྲེལ་བའི་ཚུལ་མིན་གྱི་བློ་དེ་དག་ལ་གཉེན་པོ་བསྟེན་ཐུབ། འཕྲལ་གསལ་ཆགས་སྡང་གི་བློ་དེ་དག་གིས་རང་ཉིད་སྲུང་སྐྱོབ་བྱས་པ་ལྟ་བུར་སྣང་ཡང་དོན་དངོས་ཉོན་མོངས་པའི་བློ་དེ་དག་གིས་རང་ཉིད་ཕུང་ལ་སྦྱར་རྒྱུ་རེད། མིའི་རྣམ་དཔྱོད་ཀྱི་ཤེས་རབ་ལ་བརྟེན་ནས་བསམ་བློ་ལེགས་ཉེས་དབྱེ་འབྱེད་ཐུབ་པ་མ་ཟད། འཕྲལ་དང་ཕུགས་ཀྱི་ཁེ་ཕན་ཡང་གསལ་པོར་རྟོགས་ཐུབ། དེར་བརྟེན་མིའི་རྣམ་དཔྱོད་ལ་བརྟེན་ནས་ཕྱོགས་ཡོངས་ཀྱི་གནས་ཚུལ་རྟོགས་ཐུབ། མིའི་རྣམ་དཔྱོད་ཀྱི་ཤེས་རབ་ལ་བརྟེན་ནས་དངོས་ཡོད་གནས་ཚུལ་རྟོགས་ཐུབ་པ་ལས་ཉོན་མོངས་པའི་གཞན་དབང་དུ་སོང་བའི་བླ་དེས་དངོས་ཡོད་གནས་ཚུལ་རྟོགས་མ་ཐུབ།
དཔེར་ན་ཁོང་ཁྲོའི་བློ་སྐྱེ་སྐབས་འཕྲལ་ཙམ་མ་གཏོགས་ཕུགས་རྒྱང་རིང་པོའི་བསམ་བློ་འཁོར་མ་ཐུབ། ལྷག་པར་དེང་སྐབས་ཚད་རྡུལ་དངོས་ཁམས་རིག་པ་དང་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་དེ་དག་ལས་ཀྱང་ཁོང་ཁྲོའི་གཞན་དབང་དུ་གྱུར་བའི་བློ་དེར་གཞན་མི་སྡུག་པ་མཐོང་སྐབས་དེ་འདྲའི་མི་སྡུག་པའི་ཆ་ཤས་བརྒྱ་ཆ་བརྒྱ་ནས་དགུ་བཅུ་རྣམ་རྟོག་གིས་སྒྲོ་བཏགས་པ་ལས་བྱུང་སྐོར་གསུང་ཡོད། རྣམ་དཔྱོད་ཤེས་རབ་དེས་བརྟག་དཔྱད་ཡག་པོ་བྱེད་པ་ཡིན་ན་ཁོང་ཁྲོ་ལངས་པའི་སྐབས་མི་སྡུག་པའི་ཆོས་ཇི་ལྟར་སྣང་བ་ལྟར་གྲུབ་མེད་པ་དེ་གསལ་རྟོགས་ཐུབ་རྒྱུ་རེད། ཤེས་ཡོན་ལམ་བརྒྱུད་མིའི་རྣམ་དཔྱོད་དང་བྱམས་བརྩེ་ཟུང་འབྲེལ་ཐོག་ནས་བསམ་བློ་ཇེ་བཟང་དུ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་དེ་རིང་ཨེ་མོ་རི་མཐོ་སློབ་ཀྱིས་གཙོས་འབྲེལ་ཡོད་ཚོས་འགན་ཁུར་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་རིང་དབུ་འབྱེད་བྱས་པ་དེ་ལ་བརྟེན་ནས་བདུན་ཕྲག་གཅིག་ནང་ཚུད་ལ་གྲུབ་འབྲས་འདི་ཡིན་ཞེས་སྟོན་རྒྱུ་ཁག་པོ་ཡིན་ཡང་མ་འོངས་པར་སྤྱི་ཚོགས་བྱམས་བརྩེ་ལྡན་པ་ཞིག་ཡོང་རྒྱུར་ཕན་ཐོགས་ཡོང་ངེས་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།