ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༢ རེས་གཟའ་ཟླ་བ་སྔ་དྲོ་ ༡༡༌༣༠ ཐོག་སྤུ་རུ་ལྦ་ལ་ས་སྐྱ་གཞིས་ཆགས་ཀྱི་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༠༩ ནས་ཚོགས་མི་ ༠༧ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་བློ་བཟང་བསྟན་པ་ལགས་དང་ཚོགས་གཞོན་འཇམ་དཔལ་རྡོ་རྗེ་ལགས་བཅས་ནས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་གནས་འཐུས་ཚོགས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། གོང་ཚེས་ཉིན་ཕྱི་དྲོ་ཚོུད་ ༠༣་༣༠ ཐོག་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པས་སྤུར་ལྦ་ལ་ས་གནས་མི་མང་ ༦༨ ཚོགས་བཅར་ཞུས་པ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །