ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །འདི་གར་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནས་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། ཤེས་རིགས་ལས་ཁུངས་ཀྱི་ཚན་རིག་ཚན་པའི་ཤེས་ཡོན་འགན་འཛིན་བསྟན་འཛིན་སྐལ་བཟང་ལགས་རྣམ་གཉིས་ཌིབ་རུ་གྷར་གནམ་ཐང་བརྒྱུད་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གནང་ཡོད།
སྐབས་དེར་གནམ་ཐང་དུ་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་རྗེས་གཞིས་སྒར་དུ་འབྱོར་མཚམས་ས་འཐུས་ཚོགས་གཙོ་ཀྱིས་གཙོས་ཚོགས་གཞོན་དང༌། རང་བདེན་ཚོགས་ཆུང་གི་ཚོགས་གཞོན། མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ། སཾ་བྷོ་ཊ་སློབ་གྲྭའི་དགེ་ཆེ། ཕྱི་ནང་སྨན་ཁང་གཉིས་ཀྱི་འགན་འཛིན་དང་སྨན་པ། གཞིས་གྲོང་ཁག་ལྔའི་སྤྱི་མི། ས་གནས་གཞོན་ནུ་དང་བེུད་ཚོགས་གཙོ། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས།
ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་ཤེས་རིག་བཀའ་བློན་མཆོག་མེའོ་སཾ་བྷོ་ཊ་གཞི་རིམ་སློབ་གྲྭར་འཚམས་གཟིགས་ཕེབས་སྐབས་སློབ་གྲྭའི་དགེ་ཆེས་གཙོས་དགེ་ལས་སློབ་ཕྲུག་ཕོ་མོ་རྣམས་ཀྱིས་རྔ་རོལ་དང་བཅས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།
དེ་ནས་སློབ་གྲྭའི་མཛད་རིམ་བཀོད་སྒྲིག་ལྟར་བཀའ་བློན་མཆོག་གིས་འཛིན་ཁང་རེ་རེ་དང་སློབ་གྲྭའི་སྡེ་ཚན་ཁག་ཚང་མར་འཚམས་གཟིགས་གནང་གྲུབ་རྗེས་སློབ་གྲྭའི་ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་ཚང་འཛོམས་ཀྱིས་ཐོག་མར་དགེ་ཆེ་མཆོག་ནས་སློབ་གྲྭའི་ལས་བསྡོམས་མདོར་བསྡུས་ཞིག་ངོ་སྤྲོད་ཞུས་ཡོད་པ་དང༌། དེ་ནས་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རིགས་ལམ་རྩོད་པ་དང༌། སྙན་ཚིག་ངག་སྐྱོར། བོད་སྐད་དང་ཨིན་ཡིག་སྟེང་གཏམ་བརྗོད། རིག་གཞུང་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས།
མཐར་ཤེས་རིག་བཀའ་བློན་མཆོག་གིས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་དོན་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིར་བཀའ་དྲིན་ཆེན་པོ་ཡིན་སྐོར་དང༌། ཤེས་ཡོན་གལ་ཆེ་ཡིན་པར་བརྟེན་ངེས་པར་དུ་སློབ་སྦྱོང་ག་ཚོད་ཐུབ་ཐུབ་བར་མུ་མཐུད་བྱེད་དགོས་གལ་དང༌། དཔེ་དེབ་རིགས་ཀློག་རྒྱུ་ཤིན་ཏུ་གལ་ཆེ་དང་དེ་དག་གི་ཕན་ཡོན་གང་ཡིན་སྐོར། ལྷག་པར་འཕྲོད་བསྟེན་ཇི་ལྟར་གལ་ཆེ་ཡིན་སྐོར་སོགས་ཀྱི་བླང་དོར་གསུང་བཤད་གནང༌། ཚོགས་འདུ་གྲུབ་མ་ཐག་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་ཆེས་གཙོས་དགེ་ལས་དང་ལྷན་ཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད། སྐབས་དེར་བཀའ་བློན་མཆོག་གིས་རང་ཉིད་སྒེར་གྱི་མྱོང་ཚོར་གྱི་བརྒྱུད་དགེ་རྒན་དང་སློབ་ཕྲུག་དབར་བཟང་ཕྱོགས་ཀྱི་འབྲེལ་བ་ཐོག་ནས་སློབ་གྲྭའི་སྤྱི་ཡོངས་ཀྱི་ཤེས་ཡོན་གོང་མཐོར་ཇི་ལྟར་གཏོང་དགོས་སྐོར་སོགས་གསུང་གྲུབ་མཚམས་དྲི་བར་ལན་འདེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་བཀའ་བློན་མཆོག་ས་གནས་འགོ་འཛིན་ལས་ཁང་དང༌། གཞིས་དགོན་པདྨ་ཆོས་གླིང༌། རྒས་གསོ་ཁང༌། སྔོན་འགྲོ་སློབ་གྲྭ་དང་བུ་བཅོལ་ཁང༌། ཕྱི་ནང་སྨན་ཁང་གཉིས། མཉམ་འབྲེལ་བཅས་སྡེ་ཚན་ཚང་མར་འཚམས་གཟིགས་གནང་རྗེས་ཆུ་ཚོད་ ༣། ༡༥ ཐོག་གཞིས་སྤྱི་མི་མང་ཚོགས་ཁང་ནང་ས་གནས་ཀྱི་གནད་ཡོད་མི་སྣ་དང་མང་ཚོགས་མཉམ་ཚོགས་ཀྱིས་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་སྣང་གསལ་ཞལ་ཕྱེ་དང་མཇལ་དར་སྒྲོན་རྗེས། ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་ཤེས་རིག་བཀའ་བློན་མཆོག་གི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་དང༌། བཀའ་བློན་མཆོག་ལ་མེའོ་ཆོས་འཕེལ་གླིང་གཞིས་སྒར་གྱི་ལོ་རྒྱུས་སྙིང་བསྡུས་བཅས་ངོ་སྤྲོད་ཞུས། དེ་ནས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རིག་འཛིན་རྡོ་རྗེ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང༌།
དེ་རྗེས་ཤེས་རིག་བཀའ་བློན་མཆོག་གིས་མང་ཚོགས་ལ་བླང་དོར་གསུང་བཤད་གནང་དོན་གཙོ་བོ་ཕ་མའི་ངོས་ནས་སོ་སོའི་བུ་ཕྲུག་གི་ཤེས་ཡོན་ཡར་རྒྱས་གཏོང་བར་དམིགས་བསལ་འགན་བཞེས་དགོས་པ་དང༌། དགེ་རྒན་དང་ཕ་མའི་དབར་གྱི་འབྲེལ་ལམ། སློབ་ཕྲུག་རྣམས་སློབ་སྦྱོང་མཐར་ཕྱིན་པ་ཞིག་གནང་དགོས་པ་དང་། དེར་ཁྱིམ་ཚང་སོ་སོས་རྒྱབ་སྐྱོར་དགོས་ངེས། ཕ་མས་སོ་སོའི་ཕྲུ་གུར་བྱམས་སྐྱོང་གནང་དགོས་ངེས་ཡིན་ཀྱང་གནང་སྟངས་མི་ནོར་བ་དགོས་གལ། དུས་ནས་དུས་སུ་ཤེས་རིག་ལས་ཁུངས་ཀྱི་གསལ་བསྒྲགས་དང་དྲ་རྒྱར་དོ་སྣང་དགོས་གལ། འཕྲོད་བསྟེན་གལ་ཆེ་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་རྗེས་མང་ཚོགས་ཀྱིས་དྲི་བར་གསལ་བཤད་གནང་ཡོད། མཐར་གཞིས་ལས་ཁང་གི་ལས་དྲུང་བསྟན་འཛིན་རང་གྲོལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུངབཤད་གནང་སྟེ་ཚོགས་འདུ་གྲོལ།
དེ་ནས་དགོང་མོ་ཚོུད་ ༧ ཙམ་ལ་ས་གནས་འགོ་འཛིན་ལས་ཁང་དང་ལྷན་ས་གནས་མཉམ་འབྲེལ་དང༌། ཕྱི་ནང་སྨན་ཁང་གཉིས། གཞིས་གྲོང་ལྔའི་སྤྱི་མི། ས་གནས་གཞོན་ནུ་དང་བེུད་བཅས་ཁྱོན་སྡེ་ཚན་བཅུ་གཅིག་ནས་བཀའ་བློན་མཆོག་ལ་གུས་བརྩི་མཚོན་སླད་ཐུགས་རྗེ་ཆེ་ཞུའི་དགོངདྲོའི་གསོལ་ཚིགས་སྟབས་བདེ་ཞིག་གོ་སྒྲིག་གནང་ཡོད་དེར་ས་གནས་ཀྱི་གནད་ཡོད་མི་སྣ་ཚང་མ་ཕེབས་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༦ ཉིན་ཤེས་རིག་བཀའ་བློན་མཆོག་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་ཏེ་ཛུ་དར་རྒྱས་གླིང་བོད་མིའི་གཞིས་སྒར་དུ་ཕེབས་ཐོན་གནང་ཡོད་པ་བཅས། །