༢༠༡༩ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༨ ཉིན་ཡུ་རོབ་གྲོས་ཚོགས་ནང་རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བསྟན་པ་མ་ཟད། བོད་མིའི་ཆོས་དད་རང་དབང་ཐོག་གྲོས་ཚོགས་འཐུས་མི་ ༥༠༥ རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་ཀྱང་བཞག་འདུག སྐབས་དེར་འགག་བྱ་གནང་མཁན་གྲོས་ཚོགས་འཐུས་མི་ ༡༨ དང་། གྲོས་ཚོགས་འཐུས་མི་ ༤༧ བར་གནས་གནང་འདུག ཕྱི་ཟླ་ ༥ ཚེས་ ༢༦ ནས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་གསར་འདེམས་གནང་རྒྱུ་ཡིན་སྟབས། གྲོས་ཆོད་དེ་ནི་གྲོས་ཚོགས་ལས་ཐོག་དེའི་སྐབས་ཀྱི་གྲོས་ཆོད་མཐའ་མ་ཡིན་འདུག
དེ་ཡང་གྲོས་ཆོད་དེའི་ནང་རྒྱ་ནག་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། ལྷག་པར་བོད་དང་ཡུ་གུར། ཀ་ཛཱག ཡེ་ཤུའི་ཆོས་པ་བཅས་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ཞིབ་ཕྲ་བཀོད་འདུག གྲོས་ཆོད་དེས་ཡུ་རོབ་གྲོས་ཚོགས་ལ་སྐུལ་དེད་ཤུགས་ཆེ་བཏང་སྟེ། གོང་གི་གནད་དོན་དེ་དག་སྐོར་གྲོས་ཚོགས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཡང་བཏོན་འདུག
གྲོས་ཆོད་དེའི་ནང་བོད་ནང་དུ་རྒྱ་ནག་གཞུང་གིས་དེང་སྐབས་དམ་བསྒྲགས་ཤུགས་ཆེ་བྱེད་ཆེད་དེང་དུས་གློག་ཆས་འདྲ་མིན་བེད་སྤྱོད་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིངས་ལ་སྙད་ནས་བོད་མིའི་ཐོག་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་པ་འཁོད་འདུག ལྷག་པར་བོད་མིས་རང་སྲེག་ལས་འགུལ་སྤེལ་བ་བརྒྱུད་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་དང་སྦྲགས་གྲོས་ཆོད་དེར་དོན་ཚན་ ༢༢ ནས་ ༨ བོད་ཐོག་ཡིན་འདུག
ཐེངས་འདིར་གྲོས་ཆོད་དེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གླེང་སློང་གནང་བ་ཙམ་མ་ཟད། རྒྱ་ནག་གི་ཕྱི་རོལ་ས་ཁུལ་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ས་ཁུལ་དུའང་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་གནད་དོན་ཐད་ལའང་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག ཆ་རྐྱེན་དེའི་འོག་ནས་ཡུ་རོབ་གྲོས་ཚོགས་ཁོངས་སུ་ཡོད་པའི་འཐུས་མི་རྒྱལ་ཁབ་ཁག་གིས་སོ་སོའི་ས་གནས་སུ་ཡོད་པའི་ཊར་ཀི་མི་སེར་དང་བོད་མི་སོགས་གྲངས་ཉུང་མི་རིགས་ཐོག་རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་དམ་བསྒྲགས་བྱེད་མི་ཆོག་པ་འཁོད་འདུག
དེ་སྔ་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་དགོས་པའི་གྲོས་ཆོད་ཁྲིམས་ལུགས་གཏན་འབེབས་བྱུང་བ་ལྟར། ཡོ་རོབ་གྲོས་ཚོགས་ནས་ཀྱང་དེ་མཚུངས་སྲིད་བྱུས་ལག་བསྟར་གནང་ཐབས་དགོས་པའི་བསམ་འཆར་ཤུགས་ཆེ་བཏོན་འདུག གྲོས་ཆོད་དེ་བརྒྱུད་ཡུ་རོབ་གྲོས་ཚོགས་ཀྱིས་དེང་སྐབས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྲོལ་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་རང་གི་མི་སེར་ལ་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
སྐབས་དེར་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་མོ་གྷེ་རི་ནི་ Mogherini མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱིས་ཚོང་དང་དཔལ་འབྱོར་གྱི་ཁེ་ཕན་ཇི་ཙམ་གལ་ཆེར་འཛིན་པ་ལྟར། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལའང་དེ་མཚུངས་གཙིགས་ཆེར་འཛིན་ཡོད་པའི་གསལ་བཤད་གནང་འདུག ཕྱོགས་མཚུངས་རྒྱ་ནག་དང་གྲོས་མོལ་གནང་སྐབས་ཡོ་རོབ་གྲོས་ཚོགས་ནས་འཇིགས་སྣང་སྤངས་ཏེ་གདོང་དང་གདོང་གཏུགས་ནས་ཐད་ཀར་རྒྱ་ནག་གཞུང་ལ་སྐྱོན་བརྗོད་སོགས་གནང་བཞིན་ཡོད་སྐོར་གསུངས།