ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་ལགས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་ལ་གཟིགས་སྐོར་ཕེབས་གཏན་འཁེལ་བ་བཞིན། གཟིགས་སྐོར་སྐབས་སློབ་ཁག་སོ་སོའི་སློབ་སྤྱི་དང་དབུ་འཛིན་རྣམ་པས་འབྲེལ་མཐུད་འགན་ཁུར་གྱི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༦ ཉིན་སྦེལ་ཀོབ་སཾ་བྷོ་ཊའི་སློབ་གྲྭ་དབུས་མ་དང་།
ཕྱི་ཚེས་ ༢༧ ཉིན་སྦེལ་ཀོབ་སཾ་བྷོ་ཊ་སི་ཝི་པི་སློབ་གྲྭ། ཚེས་ ༢༩ ནས་ ༣༠ བར་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་བཅས་ལ་གཟིགས་སྐོར་ཕེབས་ཏེ་ཤེས་ཡོན་སྲིད་བྱུས་ཐོག་ལག་བསྟར་དང་འབྲེལ་བའི་ལས་དོན་ཇི་སྤེལ་གཟིགས་ཞིབ་ཀྱིས་སློབ་གྲྭ་སོ་སོའི་འཛིན་ཁང་དུ་སློབ་ཁྲིད་གནང་ཕྱོགས་དང་། དཔེ་མཛོད། ཉལ་ཁང་། ཚན་རིག་བརྟག་དཔྱད་ཁང་། ཀམ་པུ་ཊར་སྡེ་ཚན་བཅས་ཤེས་ཡོན་སྡེ་ཚན་ཁག་ལ་གཟིགས་ཞིབ་གནང་བ་དང་། ཉིན་རྒྱབ་སློབ་ཕྲུག་དང་མཇལ་འཕྲད་ཀྱིས་ཤེས་ཡོན་ལེགས་པོ་དང་ཀུན་སྤྱོད་ཚུལ་ལྡན་དགོས་སྐོར་གསུང་བཤད་གནང་ཡོད།
དེ་རྗེས་དགེ་ལས་ཚོགས་འཛོམས་སར་དགེ་རྒན་རྣམས་ཀྱི་ཀུན་སྤྱོད་དང་བསམ་བློ་འཁྱེར་སྟངས་ཀྱིས་གཙོས་དུས་དང་རྣམ་པ་ཀུན་ཏུ་ཤེས་ཡོན་ལ་རོལ་བ་དང་། འཛིན་གྲྭའི་ཚོགས་ཐེངས་ནམ་བཅར་ལ་དགེ་རྒན་གྱི་ངོས་ནས་སྦྱོང་བརྡར་གྲ་སྒྲིག་ལྷོད་མེད་དགོས་པ་སོགས་ཀྱི་ལམ་སྟོན་ཕེབས་ཡོད།
གཟིགས་སྐོར་གྱི་ལས་རིམ་དེ་ཉིད་མུ་མཐུད་དེ་ཕྱི་ཟླ་ ༤ ཚེས་ ༡ ཉིན་མོན་གྷོར་ཕེབས་ཐོན་གྱིས་ཚེས་ ༢ ཉིན་མོན་གྷོ་སཾ་བྷོ་ཊ་གཞི་རིམ་འོག་བར་མའི་སློབ་གྲྭ་དང། ཚེས་ ༣ ནས་ ༤ བར་མོན་གྷོ་སཾ་བྷོ་ཊ་གཞི་རིམ་གོང་མའི་སློབ་གྲྭ། ཚེས་ ༥ ཉིན་མོན་གྷོ་གཞིས་གྲོང་དྲུག་པའི་སཾ་བྷོ་ཊའི་གཞི་བར་མའི་སློབ་གྲྭ།
ཚེས་ ༨ ནས་ ༩ བར་སྦེལ་ཀོབ་གཞི་རིམ་འོག་མའི་སློབ་ཁག་གསུམ་དང་སྔོན་སློབ། ཚེས་ ༡༡ ཉིན་ཧུན་སུར་སཾ་བྷོ་ཊའི་ཉིན་སློབ། ཚེས་ ༡༥ ཉིན་ཀོ་ལི་གྷལ་སཾ་བྷོ་ཊའི་ཉིན་སློབ་བཅས་སུ་གཟིགས་སྐོར་ཕེབས་གཏན་འཁེལ་བ་བཅས།