ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༡ རེས་གཟའ་ཕུར་བུ།
༄༅། ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཙན་བྱོལ་བོད་པའི་དགོན་སྡེ་རྣམས་ཀྱི་བཤད་སྒྲུབ་ཆོས་སྤྱོད་དང་འབྲེལ་བའི་ལས་དོན་གང་ཅིར་ཕན་གྲོགས་གཟིགས་སྐྱོང་མཚོན་ཕྱིར་སློབ་ཡོན་དང་། དགེ་རྒན་གླ་ཕོགས། འཚོ་སྣོན་སོགས་རོགས་སྐྱོར་ལས་གཞི་ཁག་ཅིག་ད་བར་སྤེལ་དང་སྤེལ་མུས་ཡིན་པའི་ཁར། ད་ལོ་བོད་རབ་གནས་ས་ཕག་ཕྱི་ལོ་ ༢༠༡༩ འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་བོད་མི་ཆིག་འབུམ་ཉེ་བ་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ ཐམ་པ་ཧྲིལ་པོ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཁེལ་བ་དང་། དེ་བཞིན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ནང་དོན་རིག་པའི་གཞུང་ཆེན་གསན་བསམ་མཛད་ཚུལ་ལེགས་གྲུབ་ཀྱིས་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་ནས་མི་ལོ་ ༦༠ ཐམ་པ་འཁོར་བའི་དུས་ཚིགས་ཀྱང་ཁེལ་བའི་རྗེས་དྲན་ཞུ་རྒྱུ་དང་། རང་ཅག་རྣམས་བཙན་བྱོལ་དུ་ཡོང་བའི་དགོས་དོན་གཙོ་བོོ་ཞིག་ནི་བོད་ཀྱི་རྩ་ཆེའི་ཁྱད་ནོར་ཆོས་དང་རིག་གཞུང་གཅེས་སྲུང་ཆེད་ཡིན་པ་དང་། དེ་ཐད་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རིས་མེད་བསྟན་བདག་བླ་ཆེན་དང་མཁན་སློབ་རྣམ་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འདས་པའི་མི་ལོ་དྲུག་ཅུའི་རིང་བོད་ཀྱི་ཆོས་རིག་རྒྱུད་འཛིན་དང་གཅེས་སྲུང་ཐོག་གྲུབ་འབྲས་ཧ་ཅང་བཟང་པོ་ཐོན་ཡོད་པ་དེར་སྙིང་ནས་ཡི་རང་བསྔགས་བརྗོད་དང་སྦྲགས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ། ཁྱད་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་གོ་ལ་འདིའི་སྐྱེ་འགྲོ་ཡོངས་ཀྱི་བདེ་སྐྱིད་སླད་འཕགས་ཡུལ་གྱི་གདན་ས་ཆེན་པོ་དཔལ་ནཱ་ལེནྡྲའི་ལྟ་སྤྱོད་ཀྱི་སྲོལ་བཟང་རྣམས་སླར་གསོ་དང་ངོ་སྤྲོད་རྒྱ་གང་ཆེ་བྱེད་དགོས་པའི་བཀའ་སློབ་ཟབ་མོ་ཕེབས་མུས་ལ་མཐུན་འགྱུར་གཞོགས་འདེགས་ཞུ་རྒྱུ་བཅས་ཀྱི་ཆེད་དུ། བོད་མིའི་སྒྲིག་འཛུགས་སྤྱིའི་མ་དངུལ་ཁོངས་ནས་འབྲེལ་ཡོད་འདི་ག་ཆོས་རིག་ལས་ཁུངས་བརྒྱུད་བཙན་བྱོལ་བོད་པའི་དགོན་སྡེ་ཁག་གི་གཞུང་ཆེན་དཔེ་འཁྲིད་དགེ་རྒན་རྣམས་གཙོ་བོ་དང་། དེ་བཞིན་སྒྲུབ་སྡེ་ཁག་གི་སྒོམ་འཁྲིད་དགེ་རྒན། དགོན་སློབ་ཁག་གི་གཞི་རིམ་ནང་རིག་དགེ་རྒན། དགོན་སྡེ་ཆུང་ཁག་གི་ཆོས་སྤྱོད་དཔེ་སློབ་དགེ་རྒན་བཅས་ཐེ་བའི་ཁྱོན་བསྡོམས་དགེ་རྒན་གྲངས་ ༤༡༦ ཙམ་ལ་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་བཟུང་ཟླ་རེར་ཧིན་སྒོར་ ༣༠༠༠ (སུམ་སྟོང་ཐམ་པ་) རེ་གླ་ཕོགས་ཀྱི་ངོ་བོ་མིན་པར་ལེགས་གསོལ་མཚོན་བྱེད་ངོ་བོར་འགྲེམས་འབུལ་ཞུ་གཏན་འཁེལ་ཡོད་པ་ལྟར། འགྲེམས་འབུལ་ཞུ་ཕྱོགས་སྒྲིག་འཛུགས་ཀྱི་དངུལ་རྩིས་འགྲོ་ལུགས་གཞི་བཟུང་གནང་རྒྱུ་དང་། གནས་སྐབས་ཆར་ལེགས་གསོལ་མཚོན་བྱེད་འགྲེམས་འབུལ་ཞུ་ཡུལ་དགོན་སྡེ་དང་དགེ་རྒན་གྱི་གྲངས་ཐོ་རེའུ་མིག་ཟུར་གསལ་ལྟར་རྩ་འཛིན་གནང་རྒྱུ་གནང་སོང་ན། དེ་འབྲེལ་ལེགས་ཚོགས་ཇི་ཐོབ་བོད་ཀྱི་ནང་དོན་རིག་པའི་ཁྱད་ནོར་ལ་བརྟེན་ནས་དུས་རབས་ཉེར་གཅིག་པའི་རྒུད་ཚོགས་ཐམས་ཅད་རྨེག་མེད་དུ་ཞི་བའི་བསྔོ་སྨོན་མཚམས་སྦྱོར་གང་ཟབ་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༡ ལ་སྤེལ།།
ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡ ནས་བོད་མིའི་སྒྲིག་འཛུགས་སྤྱིའི་མ་དངུལ་ཁོངས་ནས་ཆོས་རིག་ལས་ཁུངས་བརྒྱུད་བཙན་བྱོལ་བོད་པའི་དགོན་སྡེ་ཁག་གི་གཞུང་ཆེན་དཔེ་འཁྲིད་དགེ་རྒན་རྣམས་གཙོ་བོ་དང་། དེ་བཞིན་སྒྲུབ་སྡེའི་སྒོམ་འཁྲིད་དགེ་རྒན། དགོན་སློབ་ཁག་གི་གཞི་རིམ་ནང་རིག་དགེ་རྒན། དགོན་སྡེ་ཆུང་ཁག་གི་ཆོས་སྤྱོད་དཔེ་སློབ་དགེ་རྒན་བཅས་ཐེ་བའི་ཁྱོན་བསྡོམས་དགེ་རྒན་གྲངས་ ༤༡༦ ཙམ་ལ་ཟླ་བ་རེར་ཧིན་སྒོར་ ༣༠༠༠ (སུམ་སྟོང་ཐམ་པ་) རེ་གླ་ཕོགས་ཀྱི་ངོ་བོ་མིན་པར་ལེགས་གསོལ་མཚོན་བྱེད་ངོ་བོར་འགྲེམས་འབུལ་ཞུ་ཡུལ་དགོན་སྡེ་དང་དགེ་རྒན་གྱི་གྲངས་ཐོ་རེའུ་མིག་བཀོད་པར།
ཨང་། | ཆོས་བརྒྱུད། | དགེ་རྒན་གྲངས་བསྡོམས། | དགོན་སྡེ་གྲངས་བསྡོམས། |
༡ | རྙིང་མ། | ༩༠ | ༥༠ |
༢ | བཀའ་བརྒྱུད། | ༩༣ | ༥༥ |
༣ | ས་སྐྱ། | ༨༢ | ༣༦ |
༤ | དགེ་ལུགས། | ༡༠༥ | ༣༨ |
༥ | གཡུང་དྲུང་བོན། | ༢༠ | ༠༩ |
༦ | ཇོ་ནང་། | ༠༨ | ༠༤ |
༧ | བུ་ལུགས། | ༠༣ | ༠༡ |
༨ | བོ་དོང་། | ༠༢ | ༠༡ |
༩ | ཞི་བྱེད། | ༠༢ | ༠༡ |
༡༠ | རིས་མེད། | ༡༡ | ༠༥ |
བསྡོམས་ཆེན། | ༤༡༦ | ༢༠༠ |