ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༩ ཉིན་གྱི་ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཀུམ་རའོ་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན་ཐུབ་བསྟན་ཆོས་འཕེལ་ལགས། དགོན་པའི་སྐུ་ཚབ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། དེ་བཞིན་སྒ་བ་བདེ་དོན་ཚོགས་པའི་ཚོགས་གཙོ། སློབ་དགེ སེར་སྐྱ་མི་མང་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་དགོན་པ་དང་། སྒ་པ་བདེ་དོན་ཚོགས་པའི་ལས་ཁུངས། ས་གནས་ལས་འཆར་ཁག ས་འཐུས་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་། སྨན་ཁང་། སློབ་གྲྭ་བཅས་སུ་འཚམས་གཟིགས་སུ་ཕེབས། དེ་ནས་ས་གནས་གཞིས་མི་རྣམས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གཞས་སྣ་ཁག་གཉིས་གཟིགས་འབུལ་ཞུས་གྲུབ་མཚམས་ས་གནས་ན་གཞོན་དང་དགོན་པའི་གྲྭ་པ་དབར་སིལ་པོལ་འགྲན་སྡུར་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་རང་བདེན་ཚོགས་ཆུང་ཟུར་པ་གཉིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གནང་བའི་ལག་འཁྱེར་གནང་གྲུབ་བསྟུན་སྒ་པ་བདེ་དོན་ཚོགས་པའི་ཚོགས་གཙོས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སེར་སྐྱ་མི་མང་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེ་ལས་གཞི་ཁག་ངོ་སྤྲོད་དང་འབྲེལ་གསུང་བཤད་གནང་དོན། ཁ་སང་སྔ་དྲོར་ང་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་ཡིན། ཚང་མས་མཁྱེན་གསལ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་རྐྱེན་པས་སྙུང་གཞི་ཕྲན་བུ་བཞེས་ཏེ་ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ཆིབས་སྒྱུར་བསྐྱངས་ཡོད་ཀྱང་ད་ཆ་སྐུ་གཟུགས་དྭངས་གསལ་རེད་འདུག གནས་སྐབས་ལྡི་ལིར་སྐུ་ངལ་གསོ་སླད་བཞུགས་རྒྱུ་ཡིན་སྐོར་བཀའ་ཕེབས་བྱུང་། ཚང་མ་ཐུགས་ལྷོད་ལྷོད་གནང་རོགས།
ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ཆིབས་སྒྱུར་སྐབས་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་ཙམ་མིན་པར་འཛམ་གླིང་ཡོངས་ནས་སྨོན་ལམ་བརྒྱབ་པ་དེས་ཕན་ཐོགས་བྱུང་ཡོད། ཅེས་བཀའ་ཕེབས་བྱུང་། འདིར་སྒྲོལ་མ་གསོག་བཞིན་འདུག བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་རེད། དེར་བརྟེན་རྣམ་པ་ཚོས་སྨོན་ལམ་བརྒྱག་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ཐོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ལོ་ངོ་ ༧༠ ཙམ་རིང་བོད་མིའི་ཆེད་དུ་སྐུ་ལས་ཧ་ཅང་བསྐྱོན་ཡོད། ང་ཚོར་དཀའ་ངལ་གང་ཡོད་པ་ཡིན་ནའང་མགོན་པོ་གང་ཉིད་མཆོག་ལ་ཞུས་ཀྱི་ཡོད། ད་ཆ་དགུང་ལོ་བགྲེས་པོར་ཕེབས་ཡོད་སྟབས། སྐུ་ངལ་གསོ་རྒྱུའི་དུས་ཆོད་སླེབ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་དེ་དག་རིང་སྐུ་ལས་བསྐྱོན་པའི་རླབས་ཆེན་གྱི་མཛད་འཕྲིན་ཁག་མུ་མཐུད་གནས་རྒྱུ་དང་གོང་འཕེལ་གཏོང་རྒྱུའི་འགན་དེ་ད་ལྟ་ང་ཚོ་བོད་མི་ཚང་མའི་ཐོག་འགན་བབ་ཡོད། མགོན་པོ་གང་ཉིད་མཆོག་ཇི་ཙམ་སྐུ་ཚེ་ཡིན་རིང་གནས་པ་ཡིན་ན། བོད་བསྟན་པ་ཆབ་སྲིད་ལ་ཕན་གྱི་ཡོད།
ང་ཚོ་ནང་ཁུལ་རྙོག་གྲ་ཙག་ཙིག་རིགས་ལ་འགོ་འཁོར་ནས་མ་བསྡད་པར་རྒྱ་ཆེ་ས་ནས་བསམ་བློ་གཏང་དགོས། འཛམ་གླིང་རྒྱལ་ཁབ་གཞན་པ་ཚོས་རྒྱ་ནག་འཛམ་གླིང་ནང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཆགས་ས་རེད། ཅེས་སེམས་ཁྲལ་བྱེད་བཞིན་ཡོད། བོད་པ་ཚོས་རྒྱ་ནག་གི་སྐོར་སེམས་ཁྲལ་གནང་གི་མེད། བོད་པ་ཚོས་ནང་ཁུལ་ཙག་ཙིག་སྐོར་བཤད་ནས་བསྡད་ཡོད། བོད་པ་ཚོས་ནང་ཁུལ་མཐུན་སྒྲིལ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། གནས་ཚུལ་དཀྲོག་གཏམ་རིགས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ཕར་ཚུར་མ་གཏོང་རོགས། དེས་དུས་ཚོད་འཕྲོ་བརླག་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ཀག་འཁེལ་ཡོད་སྟབས།
འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༡༧ གཟའ་ཚེས་དགེ་བའི་ཉིན་འཕགས་ཡུལ་རྡ་རམ་ས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །