ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅།།འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༩ ཟླ་ ༤ ཚེས་ ༡༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༢༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་
དེ་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྡེ་ར་ལྡུན་མན་ཌུ་ཝ་ལ་ཁམས་གླིང་ཚང་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་ནོར་བུ་ལགས་དང་། ཧ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གི་ས་གནས་འགོ་འཛིན་ཚེ་དབང་ཕུན་ཚོགས་ལགས། གླིང་ཚང་གཞིས་ཆགས་ཀྱི་སྐུ་ཚབ་རྣམ་པ། དེ་བཞིན་ས་གནས་མང་ཚོགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། ཕྱི་དྲོ་ཆུ་ཚོད་ ༣།༡༤ ཙམ་ལ་མན་ཌུ་ཝ་ལ་ཁམས་གླིང་ཚང་གཞིས་ཆགས་ཀྱི་ཚོགས་ཁང་ནང་ཁམས་གླིང་ཚང་གཞིས་ཆགས་ཀྱི་མི་མང་འདུ་འཛོམས་ཐོག་ལྡེ་ར་ལྡུན་ཁྱབ་ཁོངས་ས་གནས་
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་དོན། དེ་རིང་སྔ་དྲོ་ང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་ཡིན། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་གཟུགས་ཧ་ཅང་དྭངས་གསལ་རེད་འདུག སྨན་མཆོད་རྒྱུ་མཚམས་བཞག་འདུག སྐུ་ངལ་གསོ་རྒྱུ་རེད་འདུག ཉིན་ཤས་རིང་ལྡི་ལིར་བཞུགས་རྗེས་བཞུགས་སྒར་རྡ་སར་ཆིབས་སྒྱུར་བསྐྱང་རྒྱུ་རེད་འདུག མི་མང་གིས་སྨོན་ལམ་བརྒྱབ་པ་དེས་ཕན་ཐོགས་བྱུང་སོང་ཞེས་༧གོང་ས་མཆོག་གིས་བཀའ་གནང་བྱུང་། ད་ལོ་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ཀག་འཁེལ་ཡོད་སྟབས། བླ་མ་དང་སློབ་མའི་བར་དམ་ཚིག་གཙང་མ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཚང་མས་གཟབ་གཟབ་གནང་རོགས། ཞེས་དང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་ནས་གསུང་དོན། གཞིས་ཆགས་ཁག་ཚང་མ་སྲ་བརྟན་ཡོང་བར་དེབ་སྐྱེལ་བྱས་དང་བྱེད་བཞིན་ཡོད། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཞེས་དངུལ་ཁང་བཙུགས་ཐུབ་ཡོད། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པའི་ཐོག་སློབ་གྲྭ་དྲུག་མ་གཏོགས་རྒྱ་གར་དབུས་གཞུང་ནས་རྩིས་ལངས་ཚར་བ་ཡིན། བཀའ་ཤག་སྐབས་ ༡༤ དང་ ༡༥ ནས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་ཤོས་རྩི་ཡི་ཡོད། ལོ་བརྒྱད་ནང་ཤེས་ཡོན་ཡར་རྒྱས་ཏན་ཏན་ཕྱིན་ཡོད། སློབ་ཡོན་ཡང་ལྡབ་ལོག་སྤར་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་མང་ཚོགས་ཀྱི་དྲི་བ་ཁག་གཅིག་ལ་ལན་འདེབས་གནང་། མཇུག་ཏུ་ཁམས་གླིང་ཚང་གཞིས་ཆགས་ཀྱི་ཚོགས་པའི་སྐུ་ཚབ་ཚེ་རྡོ་ལགས་ཀྱིས་ཐུགས་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ།
དེ་ནས་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱི་དང་། དགེ་ཆེ། དེ་བཞིན་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དཔལ་ལྡན་སྲིད་སྐྱོང་མཆོག་སློབ་གྲྭའི་ཚོགས་ཁང་ནང་ཕེབས་འབྱོར་གནང་བ་དང་འབྲེལ་མཛད་སྒོ་གཙོ་སྐྱོང་བ་དགེ་ཆེ་ཕྱག་རོགས་ཚེ་རིང་མགོན་པོ་ལགས་ཀྱིས་འཚམས་འདྲི་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་དགེ་ལས་སློབ་ཕྲུག་ཡོངས་ནས་སྐར་མ་གཅིག་རིང་སྒོམ་བསྐྱོན་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཁྱིམ་བཟོ་རིགས་སྒྱུ་རྩལ་སློབ་གཉེར་ཁང་དང་སེ་ལ་ཀུའི་བོད་ཁྱིམ་དགེ་ལས་སློབ་ཕྲུག་ཡོངས་ལ་དབྱེ་འབྱེད་ discrimination ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། རྒྱ་གར་དང་ཕྱི་རྒྱལ་ཁག་གི་ནང་སློབ་མ་ཚོས་སློབ་སྦྱོང་བྱེད་བཞིན་པའི་སྐབས་སློབ་མ་ཚོར་རང་ཉིད་ཀྱི་ངོ་བོ་གཞིར་བཞག་ཐོག་དབྱེ་འབྱེད་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད། ག་བ་ཡིན་ནའང་དབྱེ་འབྱེད་ཟེར་བ་དེ་ཡོད་ཡོད་པ་རེད། ཕྱི་རྒྱལ་གྱི་སྤྱི་ཚོགས་ནང་སླེབས་པའི་སྐབས་སོ་སོ་ཨེ་ཤི་ཡའི་མི་རིགས་ཤིག་ཡིན་པའི་ཆ་ནས་ཕྱི་རྒྱལ་བ་ཚོས་ཁྱེད་རང་ལ་དབྱེ་འབྱེད་བྱེད་ཀྱི་རེད། འཛམ་གླིང་ནང་དབྱེ་འབྱེད་ཡོད་པ་དེ་ངོས་འཛིན་གནང་དགོས། འོན་ཀྱང་དབྱེ་འབྱེད་ལ་གདོང་ལེན་ཇི་ལྟར་གནང་རྒྱུ་ཟེར་བ་ཤིན་ཏུ་གལ་ཆེན་པོ་རེད། དཔེར་ན་ང་ལྟ་བུར་མཚོན་ན་སོ་སོ་ནང་མི་སྤུན་མཆེད་ཚོས་ཀྱང་ང་ལ་དབྱེ་འབྱེད་གནང་མྱོང་ཡོད། སོ་སོའི་བརྒྱུད་ལ་ཞུམ་པ་མེད་པའི་སྙིང་སྟོབས་དང་སྙིང་རྗེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སེམས་ཤུགས་འཆག་རྒྱུ་མེད། མཐའ་ན་རང་ཉིད་སྲིད་སྐྱོང་ཆགས་ནའང་དབྱེ་འབྱེད་ཡོང་གི་འདུག སོ་སོའི་མི་ཚེའི་ནང་དབྱེ་འབྱེད་ཟེར་བ་དེ་ཡོང་བའི་སྐབས་དེར་གདོང་ལེན་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་འབྲེལ་སློབ་མ་ཁག་གཅིག་གི་དྲི་བར་ལན་འདེབས་གནང་།
དེ་ནས་སློབ་སྤྱི་འབྲུག་ཚེ་རིང་ལགས་ཀྱིས་སློབ་ཕྲུག་རྣམ་པས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་ཀྱི་སྙན་ཚིག་བྲིས་པའི་དྲན་རྟེན་ཕྱག་རྟགས་སུ་ཕུལ། མཐར་མཛད་སྒོ་གཙོ་སྐྱོང་བ་དགེ་ཆེ་ཕྱག་རོགས་ཚེ་རིང་མགོན་པོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་ཡོད་པ་བཅས། །