ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༢ ཉིིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གསར་རྒྱག་ལེགས་པར་གྲུབ་པའི་བཀྲ་ཤིས་དབུ་འབྱེད་མཛད་སྒོ་ཚོགས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་གནས་ཆུང་སྒྲ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་བཞི་གྲྭས་བཀྲ་ཤིས་སྨོན་ཚིག་གསུང་འདོན་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དར་མཚོན་སྣ་ལྔ་གཅོད་འབྲེག་གནང་སྟེ་གསར་འགྱུར་ལས་ཁང་དབུ་འབྱེད་གནང་། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག ཁྲིམས་ཞིབ་པ་གཞན་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་སོགས་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོར་མཇལ་དར་སྒྲོན་འབུལ་ཞུས་རྗེས་གསར་འགྱུར་ཚན་པ་ཁག་དང་བོད་ཀྱི་བརྙན་འཕྲིན་གྱི་སྒྲ་བརྙན་འཇུག་ཁང་གཉིས་ངོ་སྤྲོད་གནང་ཡོད།
དེ་རྗེས་སྐུ་མགྲོན་རྣམ་པ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བཞུགས་གྲལ་དུ་འཁོད་རྗེས་རྟེན་འབྲེལ་མཚོན་ཆེད་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་ཕྱི་དྲིལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་གསལ་འགྱུར་ལས་ཁང་དང་། བོད་ཀྱི་བརྙན་འཕྲིན་གྱི་སྒྲ་བརྙན་འཇུག་ཁང་གཉིས་གསར་རྒྱག ཕྱི་དྲིལ་ལས་ཁུངས་ཉམས་གསོའི་ལས་དོན་སྐོར་ངོ་སྤྲོད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་དོན། དུས་རྒྱུན་ཡིན་ན་ལྷན་ཁང་ཁག་གི་དབུ་འབྱེད་མཛད་སྒོ་དེ་འདྲའི་སྐབས་མཛད་གཙོ་རྣམ་པ་གདན་འདྲེན་ཞུ་རྒྱུའི་ལུགས་སྲོལ་ཡོད་པ་མ་རེད། ཕྱི་དྲིལ་ལས་ཁུངས་འདི་བོད་མིའི་སྒྲིག་འཛུགས་ཡོངས་ཀྱི་ལས་ཁུངས་ཤིག་ཡིན་པ་མ་ཟད། ལས་ཁུངས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་སོགས་ལ་ཞབས་འདེགས་ཞུ་དགོས་ཀྱི་ཡོད་སྟབས། ད་ལམ་དབུ་འབྱེད་མཛད་སྒོར་ལྷན་རྒྱས་ཕེབས་ཐུབ་ན་བསམ་པ་རེད། ད་བར་ང་ཚོའི་གསར་འགྱུར་འགོད་སྟངས་དེ་ལས་བསྡོམས་ལྟ་བུ་ཆགས་ཀྱི་འདུག་ཅེས་ཞུ་རྒྱུ་བྱུང་། གསར་འགྱུར་ཆགས་དགོས་ཀྱི་འདུག གསར་འགྱུར་ཆགས་པར་ཞིབ་འཇུག་ analysis མཐིལ་ཕྱིན་པ་བྱ་དགོས་ཀྱི་འདུག དཔེར་ན་ཤེས་ཡོན་ལྷན་ཚོགས་འཚོགས་པའི་སྐབས་བརྗོད་གཞི་གཙོ་བོ་ཐོག་གཏིང་ཟབ་ཏུ་འགྲོ་དགོས་ཀྱི་འདུག
ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་པ་ཚོ་ཡིན་ནའང་ལས་བྱེད་ནང་བཞིན་བསམ་བློ་གཏོང་རྒྱུ་མི་འདུག གསར་འགོད་པ་རང་ནང་བཞིན་གནས་ཚུལ་མཁོ་སྒྲུབ་སླད་འགྲོ་དགོས་ཀྱི་འདུག གསར་འགོད་པ་རྣམ་པ་གཉིས་རེ་གསུམ་རེ་བྱས་ནས་ལྷན་ཁང་ཁག་ལ་བགོ་འགྲེམ་བརྒྱབ་ནས་ལོ་གསུམ་བཞི་རིང་ལ་ལྷན་ཁང་གཅིག་གི་ཐོག་ལས་ཀ་བྱས་པ་ཡིན་ན། ལས་དོན་ཐོག་ཆ་ཚང་བ་ཞིག་ཤེས་ཀྱི་ཡོད་པ་མ་ཟད། ཞིབ་འཇུག་བྱེད་ཐུབ་མཁན་ཞིག་ཀྱང་ཆགས་ཀྱི་རེད། དེར་བརྟེན་ང་ཚོས་ལྷན་ཁང་ཁག་ལ་གསར་འགོད་པ་བགོ་འགྲེམ་བརྒྱབ་ཡོད། མ་འོངས་པར་ལྷན་ ཁང་ཁག་གིས་ཚོགས་འདུ་དེ་འདྲ་འཚོགས་པའི་སྐབས་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་པ་ཚོར་ཡོང་རོགས་གནང་ཞེས་ཞུ་རོགས། དེ་ལྟར་གསུང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེར་ན་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐོག་ཚོགས་འདུ་ཞིག་འཚོགས་དགོས་ཡོད་ན། ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་པ་ཚོ་ཡོང་རོགས་གནང་ཞེས་ཞུ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ཁོང་རྣམ་པ་ཚོ་ཚོགས་འདུ་འཚོགས་པའི་སྐབས་ཉིན་གཉིས་གསུམ་རིང་བསྡད་འཇུག་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།
དེ་རིང་ཁ་སང་བརྙན་འཕྲིན་ལ་ལྟ་མཁན་མང་པོ་ཡོད་པའི་ཆ་ནས་ང་ཚོས་བརྙན་འཕྲིན་གསར་ཁང་ཆེད་དུ་བཙུགས་པ་རེད། གསར་འགོད་པ་རང་ཆགས་པར་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་པ་ཚང་མ་ལས་ཁུངས་གཅིག་གི་ནང་བཞག་ཡོད། ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་དང་། ཨ་རི་རླུང་འཕྲིན་ཁང་སོགས་ཀྱིས་གནས་ཚུལ་བརྒྱ་ཆ་ ༥༠ ནས་༦༠ བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ནས་འདོན་གྱི་ཡོད། ཅེས་གསུང་གི་འདུག དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་ག་ཚོད་འགོད་ཐུབ་པ་ཡིན་ན། དེ་ཚོད་ཀྱིས་ཁྱབ་བསྒྲགས་འགྲོ་ཐུབ་ཀྱི་རེད། བོད་ཀྱི་སྒྲ་བརྙན་ཚན་པས་བཅར་འདྲི་གནང་བའི་སྐབས་ངེས་པར་དུ་བོད་ཆས་གྱོན་རོགས་གནང་ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགྱུར་ལས་ཁང་དང་བོད་ཀྱི་བརྙན་འཕྲིན་གྱི་སྒྲ་བརྙན་འཇུག་ཁང་གཉིས་གསར་རྒྱག་གི་བོགས་ལེན་པ་ཚེ་རིང་དོན་གྲུབ་ལགས་ལ་ཐུགས་རྗེ་ཞུའི་མཇལ་དར་གནང་། མཇུག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཟུང་དྲུང་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ཐུགས་རྗེ་ཞུའི་གསུང་བཤད་གནང་བ་དང་འབྲེལ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད།
བོད་ཀྱི་བརྙན་འཕྲིན་ཚན་པའི་ལོ་རྒྱུས་སྙིང་བསྡུས།
དེ་སྔ་དྲིལ་བསྒྲགས་ལས་ཁུངས་ནས་བོད་ཀྱི་གནས་ཚུལ་དྲིལ་བསྒྲགས་ཆེད་བོད་དོན་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཚོར་མཐུན་འགྱུར་ཞུ་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་བཀའ་སློབ་སོགས་བོད་མིའི་གཞིས་ཆགས་ཁག་ཏུ་གཟིགས་འབུལ་དང་འགྲེམས་སྤེལ་ཞུ་རྒྱུའི་ལས་དོན་གནང་བཞིན་པར།
ཕྱི་ལོ་ ༡༩༨༨ ལོར་ཕྱི་དྲིལ་ལས་ཁུངས་ཀྱི་ནང་བརྙན་འཕྲིན་ཚན་པ་དང་། འདྲ་པར་ཚན་པ་ཞེས་སྡེ་ཚན་གསར་གཏོད་གནང་འདུག ཕྱི་ལོ་ ༢༠༠༠ ལོར་ཚན་པའི་མིང་ལ་བརྙན་འཕྲིན་དང་འབོད་སྒྲ་ཚན་པ་ཞེས་འབོད་པ་དང་།
ཕྱི་ལོ་ ༢༠༠༤ ལོར་སྒྲ་བརྙན་སྡེ་ཚན་དུ་མིང་སྒྱུར་དང་འབྲེལ་ཁྱབ་ཁོངས་སུ་བརྙན་འཕྲིན་ཚན་པ་དང་། དྲ་རྒྱའི་བརྙན་འཕྲིན་ཚན་པ། འགྲེམས་སྟོན་ཚན་པ་བཅས་གསུམ་བཞག་འདུག
༡༽ བོད་ཀྱི་བརྙན་འཕྲིན་ཚན་པའི་ལས་གཞི་འདི་ཕྱི་ལོ་ ༢༠༠༤ ལོར་ཕྱི་དྲིལ་སྒྲ་བརྙན་ཚན་པའི་འོག་བོད་ཀྱི་བརྙན་འཕྲིན་དྲ་རྒྱ་ཚན་པའི་མིང་ཐོག་གསར་བཙུགས་གནང་བ་ཞིག་ཡིན།
༢༽ ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༣ ཉིན་སྐབས་དེའི་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པ་ཆེ་མཆོག་གིས་དྲ་རྒྱ་དང་བོད་ཀྱི་བརྙན་འཕྲིན་དྲ་རྒྱའི་གསར་འགྱུར་ལས་རིམ་གཉིས་དབུ་འབྱེད་གནང་།
༣༽ དྲ་རྒྱའི་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་། བཀའ་སློབ་མཛད་འཕྲིན་ཁག བོད་མིའི་སྒྲིག་འཛུགས་ཀྱི་མཛད་སྒོ་དང་ལས་དོན་ཁག ཟླ་རེར་བོད་དོན་གསར་འགྱུར་ཕྱོགས་བསྡུས་ཀྱི་བརྙན་འཕྲིན་ལས་རིམ་གཅིག་བཅས་འཇོག་བཞིན་ཡོད།
༤༽ རིམ་པས་བོད་ཀྱི་བརྙན་འཕྲིན་དྲ་རྒྱ་དང་། ཕྱི་དྲིལ་སྒྲ་བརྙན་ཚན་པ་གཉིས་ལས་དོན་གྱི་ཆ་ནས་གཅིག་པ་ཡིན་སྟབས་ཚན་པ་གཅིག་ཀྱི་ངོ་བོར་འགྱུར།
༥༽ ཕྱི་ལོ་ ༢༠༠༩ ཟླ་ ༡༡ ནང་རྡ་རམ་ས་ལའི་ Bagsu Cable བརྒྱུད་བཞུགས་སྒར་ཁུལ་ལ་བོད་ཀྱི་བརྙན་འཕྲིན་ཞེས་པའི་ཉིན་རེར་ཆུ་ཚོད་བཞིའི་ལས་རིམ་ཞིག་གསར་བཟོ་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་རིམ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་སྒོ་ཆེ་ཁག་ཐད་ཀར་རྒྱང་བསྲིངས་ཐུབ་པ་བྱུང་ཡོད།
༦༽ ཕྱི་ལོ་ ༢༠༡༥ ལོར་དཔལ་ལྡན་བཀའ་ཤག་གི་བཀའ་འཁྲོལ་དང་བཅས་བོད་ཀྱི་བརྙན་འཕྲིན་དྲ་རྒྱ་ཚན་པ་འདི་བཞིན་བོད་ཀྱི་བརྙན་འཕྲིན་ TibetTV ཞེས་མིང་སྒྱུར་གནང།
༧༽ ཕྱི་ལོ་ ༢༠༡༨ ནས་ཕྱི་དྲིལ་གསར་འགྱུར་ཚན་པ་ཡོངས་རྫོགས་གཅིག་ཏུ་ཟླ་སྒྲིལ་བཏང་ནས་བོད་ཀྱི་གསར་འགྱུར་ལས་ཁང་ Tibet News Bureau ཞེས་གསར་གཏོད་གནང་བར་བོད་ཀྱི་བརྙན་འཕྲིན་ཚན་པ་འདི་བོད་ཀྱི་གསར་འགྱུར་ལས་ཁུངས་ཁོངས་སུ་ཡོད།
༨༽ བོད་ཀྱི་གསར་འགྱུར་ལས་ཁང་དང་། བོད་ཀྱི་བརྙན་འཕྲིན་གྱི་སྒྲ་བརྙན་འཇུག་ཁང་འདི་བཞིན་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༣ ནས་ལས་འགོ་འཛུགས་ཏེ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ བར་ལས་གཞི་ཆ་ཚང་བསྒྲུབས་པ་བྱུང་ཡོད།
༩༽ བོད་ཀྱི་གསར་འགྱུར་ལས་ཁང་ནང་བོད་ཀྱི་བརྙན་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་ Bod.asia དྲ་རྒྱ། ཨིན་ཡིག་ Tibet.net དྲ་རྒྱ། རྒྱ་ཡིག་ Xizang-zhiye དྲ་རྒྱ་བཅས་ཡོད།
༡༠༽ བོད་ཀྱི་བརྙན་འཕྲིན་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་སྤྱི་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག བོད་ནང་གི་གནད་དོན་སོགས་ཀྱི་ཉིན་རེའི་གསར་འགྱུར་ལས་རིམ་དང་། བོད་རྒྱ་ཨིན་གསུམ་གྱི་བདུན་ཕྲག་གཅིག་གི་བོད་དོན་གནས་ཚུལ་ཕྱོགས་སྒྲིག་སྒྲ་བརྙན་གླེང་སྟེགས། བཅར་འདྲིའི་ལས་རིམ་སོགས་ཡོད། །