༢༠༡༩ ཟླ་ ༤ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༡༠ སྐར་མ་བཅོ་ལྔའི་ཐོག་བོད་མི་མང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོགས་ཁང་དུ་བོད་རིགས་གསར་འགོད་པ་ཁྱོན་མི་གྲངས་ ༡༥ ཙམ་འདུ་འཛོམས་ཐོག་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་ཉེ་ལམ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བཞི་པའི་ཐོག་བཀའ་དྲུང་ཟུར་པ་རྫོང་དཀར་སྟོབས་རྒྱལ་ཚེ་རིང་ལགས་སྐབས་བཅོ་ལྔ་པའི་བཀའ་བློན་དུ་འོས་འདེམས་བྱུང་ཡོད་ཀྱང་། བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་ཞེས་པའི་ཆ་རྐྱེན་ཚང་གི་མེད་སྐོར་གསར་འགོད་གསལ་བསྒྲགས་སྤེལ་འདུག
དེ་ཡང་ཁྲིམས་དྲུང་བཀྲ་ཤིས་རྒྱ་མཚོ་ལགས་ཀྱིས་གཙོ་སྐྱོང་འོག་གསར་འགོད་གསལ་བསྒྲགས་དེ་ཉིད་ཁྲིམས་ཞིབ་ཁང་གི་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་སྒྲོགས་སྦྱང་གནང་འདུག དེ་ཡང་ཐོག་མར་ཁྲིམས་དྲུང་གིས་གསུང་དོན། དེ་རིང་རྣམ་པ་ཚོ་འདིར་འབོད་དགོས་དོན་ནི་ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བཀའ་བློན་འོས་འདེམས་སྐོར་དེ་གྲོས་ཚོགས་ནས་གསལ་བསྒྲགས་སྤེལ་མ་ཐག་ང་ཚོས་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོར་བཅའ་ཁྲིམས་དང་མཐུན་མིན་གསལ་འདེབས་ཞུས། དེར་ཚུར་ལན་ཕེབས་པ་རེད། དེར་གཞིགས་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ངོས་འཛིན་ཐག་གཅོད་གནང་ཚར། དེ་རྗེས་ཚོགས་གཙོ་སྦྲེལ་པོས་རེ་འདུན་གནང་བ་ལྟར་ཚོགས་གཙོ་སྦྲེལ་པོ་དང་ཁྲིམས་ཞིབ་པ་ཆེ་བ། སྲིད་སྐྱོང་བཅས་ཁྲིམས་ཞིབ་ཁང་དུ་བཞུགས་མོལ་ལྷན་ཚོགས་གནང་བ་རེད། དེ་རྗེས་ཆེས་མཐོའི་ཁྲིམས་ཞིབ་ཁང་བཀའ་ཤག་ལ་ཡར་བཅར་ནས་བཀའ་བསྡུར་གནང་། དེ་རྗེས་བཀའ་དྲུང་ཡིག་ཚང་ནས་དམ་འབུལ་གྱི་ཞུ་སྐུལ་འབྱོར། སྐབས་དེར་ང་ཚོས་དམ་འབུལ་ཞུ་སྐུལ་ལ་ངོས་ལེན་ཞུ་མ་ཐུབ་པའི་རྒྱུད་རིམ་ཆ་ཚང་འདིར་ཡིག་ཐོག་ནང་གསལ་ཡོད།
སྤྱིར་སྟངས་བྱས་ན་ང་ཚོའི་ཁྲིམས་ཞིབ་ཁང་གིས་གནས་ཚུལ་འདི་ལྟ་བུ་ཁྲིམས་དོན་གྱི་གནད་དོན་ཞིག་ཡིན་སྟབས་གསལ་བསྒྲགས་སྤེལ་རྒྱུའི་ལམ་ལུགས་ཞིག་མེད། འོན་ཀྱང་གནད་དོན་དེ་དག་ཐོག་ཐག་གཅོད་གནང་ཟིན་པ་གང་ཞིག་སྤྱི་ཚོགས་ནང་གླེང་སློང་མང་པོ་ཞིག་འགྲོ་བཞིན་ཡོད་སྟབས་ང་ཚོས་འདིར་ཡིག་ཐོག་ནས་གསལ་བསྒྲགས་འདི་བཀྲམས་པ་རེད། ཅེས་ངོ་སྤྲོད་གནང་བསྟུན་ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་།
གསལ་བསྒྲགས་ཡིག་ཆ་རྒྱས་པ་གཟིགས་ཆེད་འདིར་གནོན།