ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཉེ་ལམ་ཕྱི་ཟླ་བཞི་པའི་མགོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་ནས་ཡིན་པ་བོད་མི་ཆབ་སྲིད་བཙོན་ཟུར་ལེགས་བཤད་ཐུབ་བསྟན་ནམ་སྐྱ་མིང་དུ་སྤེན་པ་དབང་འདུས་ལགས་མི་ལོ་ལྔའི་རིང་བཙོན་ཁང་དུ་རྒྱ་ནག་གཞུང་གི་སྡུག་རྩུབ་མནར་གཅོད་ཚད་མེད་མྱངས་མཐར་ལུས་པོ་ནད་གཅོང་དུ་གྱུར་ནས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དམ་པ་ཁོང་ནི་ཆུང་དུས་ནས་འཕན་པོ་ནཱ་ལེནྡྲའི་དགོན་དུ་ཆོས་ཞུགས་ཀྱིས་སློབ་གཉེར་གནང་ཡོད་པ་དང་། སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲན་ཁུའེ་ཡོན་བོད་དུ་སླེབས་ནས་བོད་ནང་རིས་མེད་དགོན་སྡེ་ཁག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་སྒྲིག་གཤོམ་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་དམ་བསྒྲགས་བྱས་པར་བརྟེན། དམ་པ་ཁོང་གིས་སྐབས་དེར་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་རྐྱེན་ཕྱི་ལོ་ ༡༩༩༥ ཟླ་ ༣ པའི་ནང་ལྷུན་གྲུབ་རྫོང་གི་ཉེན་རྟོག་པས་འཛིན་བཟུང་གིས་ལྷ་ས་གྲོང་ཁྱེར་རྒུ་ཚ་བཙོན་ཁང་དུ་ལོ་གཉིས་ལྷག་ཙམ་རིང་བཀག་ཉར་དང་། དེ་རྗེས་ལྷ་ས་གྲྭ་བཞི་བཙོན་ཁང་དུ་གནས་སྤོས་ཀྱིས་ཁྱོན་མི་ལོ་ལྔའི་རིང་བཙོན་ཁང་དུ་ལུས།
རྒྱལ་སྤྱིའི་རང་དབང་ཁང་པ་ཞེས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚན་པའི་ཕྱི་ལོ་ ༢༠༡༩ ལོའི་སྙན་ཐོ་ལྟར་ན། བོད་དེ་བཞིན་སླར་ཡང་འཛམ་གླིང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཆེས་སྡུག་ཤོས་ཨང་གཉིས་པ་ཡིན་པའི་སྐོར་འཁོད་དོན། ཆབ་སྲིད་ལས་འགུལ་སྤེལ་བའི་དོགས་གཞི་ཅན་གྱི་མི་སྣ་ཉེན་རྟོག་ལས་ཁུངས་སུ་བཀག་བསྐྱིལ་བྱས་པ་ཁག་གཅིག་དང་། དངོས་སུ་བཙོན་ཁང་ནང་གི་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་འདྲ་མིན་སྣ་ཚོགས་གཏོང་བཞིན་ཡོད། ལྷག་པར་ཆབ་སྲིད་བཙོན་པ་མང་པོ་ཞིག་རྒྱ་ནག་གཞུང་གི་བཀག་བསྐྱིལ་འོག་འདས་གྲོངས་སུ་གྱུར་བ་དེ་དག་ལ་ཞིབ་འཇུག་བྱེད་སྐབས་རྒྱ་མིའི་ཉེན་རྟོག་མི་སྣས་ཉེན་རྟོག་ལས་ཁུངས་སུ་དོགས་གཞི་ཅན་གྱི་མི་སྣ་དེ་དག་བཀག་བསྐྱིལ་བྱེད་པའི་རིང་དེར་ཉེས་བརྡུང་ཤུགས་ཆེ་བཏང་བར་བརྟེན་ནས་ལུས་ནད་གཅོང་བཟོས་པ་དང་། ཡན་ལག་སྐྱོན་ཅན་བཟོས་པ་སོགས་ལ་བརྟེན་ནས་གློ་བུར་དུ་འདས་གྲོངས་སོང་བའམ། ཡང་ན་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཟིན་ཡང་ཕྱིས་སུ་རང་ཁྱིམ་དུ་ལོག་ནས་ཉིན་ཤས་རྗེས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་དེ་རིགས་ཡོང་བཞིན་ཡོད་པ་ར་སྤྲོད་གསལ་པོ་བྱུང་། ཉེས་བརྡུང་མནར་གཅོད་ཚད་ལས་བརྒལ་བ་བཏང་རྗེས་བཙོན་ཁང་དང་ཉེན་རྟོག་ལས་ཁུངས་སུ་འདས་གྲོངས་སུ་གྱུར་བ་ཡིན་ན་ཉེན་རྟོག་པ་ཚོར་མིང་རྗེས་ངན་པ་ཕོག་རྒྱུར་དོགས་ནས་ནད་གཅོང་བཟོས་རྗེས་རང་ཁྱིམ་དུ་གློད་བཀྲོལ་བཏང་དང་གཏོང་བཞིན་ཡོད།
བོད་མི་ཆབ་སྲིད་བཙོན་ཟུར་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ལ་ཉེ་ལམ་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཕེབས་མཚམས་དཔའ་བོའི་གཟེངས་རྟགས་ཕུལ་ཡོད། སྐབས་དེར་ཁོང་གིས་རང་ཉིད་རྒྱ་ནག་གི་བཙོན་དུ་ཡོད་སྐབས་དཀའ་སྡུག་མནར་གཅོད་མྱོང་སྟངས་སྐོར་གསུང་དོན། “བོད་མི་ཆབ་སྲིད་བཙོན་པ་རྣམས་བཙོན་ཁང་ནས་གློད་བཀྲོལ་ཐོབ་མཚམས་དམྱལ་ཁམས་ཀྱི་སྡུག་བསྔལ་ལས་ཆེས་ཚབས་ཆེ་བའི་མི་ཚེ་ཞིག་བསྐྱལ་དགོས་པ་རེད། ང་རང་ལ་མཚོན་ན་བཙོན་ཁང་ནས་གློད་བཀྲོལ་ཐོབ་རྗེས་རྒྱ་ནག་གཞུང་གིས་དུས་རྟག་ཏུ་ངའི་འགྲོ་འདུག་སྤྱོད་གསུམ་ལ་སོ་ཉུལ་བྱས་པར་བརྟེན། ང་རང་རྒྱུན་ལྡན་གྲོགས་པོ་གྲོགས་མོ་ཚོ་ལའང་ཐུག་འཕྲད་བྱ་རྒྱུ་འཚེར་སྣང་བྱེད་དགོས་པའི་གནས་སྟངས་ཤིག་བྱུང་། གང་ཡིན་བརྗོད་ན། ངས་རྒྱ་ནག་གཞུང་གིས་སོ་ལྟ་བྱེད་བཞིན་དུ་ཁོང་ཚོ་དང་ཐུག་འཕྲད་བྱས་པ་ཡིན་ན། ཁོང་ཚོའི་བདེ་འཇགས་ལའང་ཉེན་ཁ་བཟོ་རྒྱུ་རེད། དེར་བརྟེན་མི་ཚེ་རྒྱུན་ལྡན་ཞིག་སྐྱེལ་ཐུབ་ཐབས་གཏན་ནས་མེད། ཕྱོགས་མཚུངས་མི་ཚེ་ཞིག་བསྐྱལ་དགོས་སྟབས་ལས་ཀ་ཞིག་འཚོལ་དགོས་ཀྱང་རྒྱ་ནག་གཞུང་ལ་འཇིགས་ནས་ང་ལ་ལས་ཀ་སྤྲོད་མཁན་མེད། རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པར་ངས་ས་གནས་གཞན་གང་དུའང་འགྲོ་མི་ཆོག རྒྱ་ནག་གཞུང་གིས་སྨན་བཅོས་ཀྱི་མཐུན་འགྱུར་ཆབ་སྲིད་བཙོན་པར་མ་སྤྲད་པར་བརྟེན། ང་རང་སྨན་ཁང་ཞིག་ལ་འགྲོ་དགོས་ཀྱང་སྨན་རིན་སྤྲོད་རྒྱུ་ཁག་པོ་འདུག “ཅེས་གསུངས།
རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་བོད་ནང་གི་གནས་སྟངས་གསལ་རྟོགས་ཐུབ་རྒྱུར་ཧ་ཅང་ཁག་པོ་ཡིན་པ་དང་། ལྷག་པར་བོད་མི་ཆབ་སྲིད་བཙོན་པ་ཇི་ཙམ་ཞིག་རྒྱ་ནག་གཞུང་གི་གདུག་རྩུབ་མནར་གཅོད་དང་བཅར་རྡུང་ཚད་མེད་བཏང་ནས་འདས་གྲོངས་སོང་བཞིན་ཡོད་པ་རྣམས་ཀྱི་གནས་སྟངས་རྒྱུས་ལོན་བྱ་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་གསུང་འདུག །