༢༠༡༩ ཟླ་ ༤ ཚེས་ ༢༡ རེས་གཟའ་ཉི་མ།
༄༅། །འདི་གའི་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༩ ཟླ་༤ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་སྐབས་ཁྱབ་ཁོངས་ས་གནས་འགོ་འཛིན་ནོར་བུ་ལགས་དང་། ས་གནས་གཞིས་ཆགས་ཀྱི་དྲུང་ཆེ་ཨོ་རྒྱན་འཇིགས་མེད་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ། ས་གནས་དགོན་སྡེ་ཁག་གི་སྐུ་ཚབ། དེ་བཞིན་དོན་གྲུབ་གླིང་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་སེར་སྐྱ་མང་ཚོགས་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
དེ་རྗེས་ཁུལ་དེའི་སློབ་གྲྭའི་ཚོགས་ཁང་དུ་ཕེབས་སྐབས་ཁྱབ་ཁོངས་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་ཐོག་མར་ངོ་སྤྲོད་དང་འབྲེལ་ས་གནས་གཞིས་ཆགས་བྱུང་རིམ་ལོ་རྒྱུས་སྐོར་ངོ་སྤྲོད་ཞུས་གྲུབ་མཚམས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པར་བླ་སློབ་དམ་ཚིག་གཙང་མ་དགོས་པ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་བོད་མི་ཚོས་ནང་ཁུལ་མཐུན་སྒྲིལ་གཟོང་ཁ་གཅིག་སྒྲིལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་ནས་གསུང་དོན། དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟིམ་ཆུང་མཇལ་ཁའི་སྐབས་ཤིག་ལ་བཀའ་སློབ་འདི་འདྲ་སྩལ་བྱུང་། ཁྱེད་རང་མི་མང་གིས་དབུ་ཁྲིད་ལ་འོས་འདེམས་གནང་བ་རེད། ངོས་རང་མེད་པ་ནང་བཞིན་འཆར་གཞི་བཏིང་ནས་ལས་ཀ་བྱེད་ཤོག ཅེས་བཀའ་སྩལ་སོང་། བོད་པ་ཚོས་ནང་ཁུལ་ཆབ་སྲིད་ཀྱི་གནས་ཚུལ་ཙག་ཙིག་རིགས་བཤད་ནས་བསྡད་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསན་ཚེ་ཐུགས་ཕམ་ཡོང་ངེས། ཁོང་ཐུགས་ཕམ་མ་ཡོང་བ་བྱ་རྒྱུར་ང་ཚོར་འགན་ཡོད། སྤྱི་ཚོགས་ནང་དཀྲོག་གཏམ་བཟོས་ནས་མ་བསྡད་པར་རྣམ་པ་ཚོ་སྡེ་ར་ལྡུན་མཐོ་སློབ་སོགས་ཀྱི་ནང་ཕེབས་ཏེ་བོད་དོན་སྐོར་གཏམ་བཤད་གནང་དགོས།
སྤྱི་ཚོགས་དྲ་རྒྱའི་ནང་དཀྲོག་གཏམ་བཤད་མཁན་དེ་ཚོ་གནད་ཡོད་མི་སྣ་རེད་དམ་མ་རེད་རྣམ་པ་ཚོས་ཞིབ་འཇུག་ཡག་པོ་གནང་དགོས། འབྱུང་འགྱུར་ཕྱི་ཟླ་ ༨ པའི་ནང་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་འཚོགས་རྒྱུ་རེད། ཚོགས་འདུའི་ཐོག་དུས་རྒྱུན་སྲིད་སྐྱོང་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱེད་མཁན་ཚོ་སྐད་གཏང་རྒྱུ་ཡིན། སྲིད་སྐྱོང་ལ་ཁོང་ཚོའི་སྐད་ཆ་ཉན་ཐུབ་པའི་གདེང་སྤོབས་ཡོད། སྐད་འཕྲིན་ནང་དཀྲོག་གཏམ་རིགས་རྩ་བ་ནས་མ་སྤེལ་རོགས། ཕ་མ་ཚོས་སོ་སོའི་ཕྲུ་གུ་ལ་བོད་ཡིག་སློབ་ཁྲིད་གནང་རྒྱུ་གལ་ཆེན་པོ་རེད། བོད་ཡིག་སྦྱོང་སའི་མཐུན་རྐྱེན་བསྐྲུན་ཡོད། དཔེར་ན་ས་རཱ་མཐོ་སློབ་དང་། སེ་ར། དེ་བཞིན་རྒྱ་གར་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་ནང་ཟླ་བ་དྲུག་གི་རིང་བོད་ཡིག་སྦྱོང་སའི་མཐུན་རྐྱེན་བསྐྲུན་ཡོད། རྒྱལ་སྤྱིའི་ཐོག་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཉི་ཧོང་ལྟ་བུར་མཚོན་ན་འཛམ་གླིང་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་ཤུགས་ཆེ་ཤོས་དེ་ཆགས་ཡོད། ཅེས་དང་།
ད་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུའི་དགུང་ཀེག་དངོས་གཞི་ཡིན་སྟབས། ཚང་མས་སྤྱང་གྲུང་དང་གཟབ་གཟབ་གནང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་བ་དང་འབྲེལ་མི་མང་གི་དྲི་བ་ཁག་གཅིག་ལ་ལན་འདེབས་གནང་། མཇུག་ཏུ་དོན་གྲུབ་གླིང་གཞིས་ཆགས་ཀྱི་དྲུང་ཆེ་ཨོ་རྒྱན་འཇིགས་མེད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ། ཚོགས་འདུ་གཙོ་སྐྱོང་བ་སྡེ་ར་ལྡུན་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་ཡེ་ཤེས་ལགས་རེད།
གཞན་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་སྡེ་ར་ལྡུན་ཁྱབ་ཁོངས་ཚེ་རིང་དོན་ལྡན་གཞིས་ཆགས་སུ་ཕེབས་འབྱོར་སྐབས་མངོན་དགའ་སློབ་གྲྭའི་འགན་འཛིན། གཞིས་ཆགས་ཀྱི་བརྒྱ་དཔོན། བུད་མེད་དང་གཞོན་ནུའི་ཚོགས་མི་རྣམ་པ། དེ་བཞིན་མང་ཚོགས་སོགས་ནས་ཕེབས་བསུའི་སྣེ་ལམ་གཟབ་རྒྱས་ཞུས་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ས་གནས་སློབ་གྲྭའི་ཚོགས་ཁང་ནང་ཕེབས་པ་དང་འབྲེལ། སྡེ་ར་ལྡུན་ཁྱབས་ཁོངས་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་སྲིད་སྐྱོང་མཆོག་གི་སྐོར་ངོ་སྤྲོད་དང་ཚེ་རིང་དོན་ལྡན་གཞིས་ཆགས་ཀྱི་ལོ་རྒྱུས་སྒྲོགས་སྦྱང་ཞུས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་མང་ཚོགས་ལ་གསུང་བཤད་གནང་དོན། ཐོག་མར་ངས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་ཚབ་ཞུས་ཏེ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་སྔར་བཞིན་དྭངས་སྐྱེད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཞུགས་ཡོད། ཉིན་ཤས་རྗེས་ལྡི་ལི་ནས་བཞུགས་སྒར་རྡ་སར་ཆིབས་སྒྱུར་བསྐྱང་གི་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་གསོ་རོགས་གནང་ཞེས་ངས་མི་མང་གི་རེ་འདུན་དེ་ལྷ་སྙན་སྒྲོན་འབུལ་ཞུ་སྐབས་མགོན་པོ་གང་ཉིད་ནས་ཀྱང་ཞལ་བཞེས་བཟང་པོ་མཛད་བྱུང་། ཞེས་དང་།
ངའི་ཨ་མ་ལགས་ཉེ་ཆར་བཞུགས་སྒར་རྡ་སར་ཕེབས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་དུ་བཞུགས་ཡོད་ཀྱང་གཟིམ་ཆུང་མཇལ་ཁ་གནང་རོགས་ཞེས་ཨ་ཚུགས་གང་ཡང་བྱེད་མེད། གང་ཡིན་བརྗོད་ན་མགོན་པོ་མཆོག་༸སྐུ་ལྷོད་ལྷོད་བཞུགས་རྒྱུ་བྱུང་ན་བསམ་པ་རེད། ངའི་བཟའ་ཟླ་དང་བུ་མོ་བཞུགས་སྒར་རྡ་སར་བསྡད་ནས་ལོ་བཞི་ཕྱིན་པ་རེད། འོན་ཀྱང་གཟིམ་ཆུང་མཇལ་ཁ་ཐེངས་གཅིག་ཀྱང་འཁྲིད་མྱོང་མེད། ཆིབས་སྒྱུར་སྐབས་ཕེབས་ལམ་ནས་མཇལ་ཁ་ཞུ་རྒྱུ་མ་གཏོགས་གཟིམ་ཆུང་ནང་ཨུ་ཚུགས་ཀྱིས་མཇལ་ཁ་ཞུ་ཐབས་རྩ་བ་ནས་བྱེད་དགོས་པ་མ་རེད། ཅེས་ངས་ཁོང་ཚོར་ལབ་ནས་རང་གི་གཉེན་ཉེ་གཞན་ཚོ་ལའང་གཟིམ་ཆུང་མཇལ་ཁ་ཐོབ་ཐབས་ཆེད་ཨུ་ཚུགས་བྱེད་མྱོང་མེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ངལ་གསོ་གནང་མཛད་དགོས་ན། ང་ཚོ་བོད་མི་མི་རེ་ངོ་རེས་འགན་འཁྱེར་ནས་ལག་བསྟར་བྱེད་དགོས། བཞུགས་སྒར་རྡ་སར་བཞུགས་མཁན་བོད་མི་ཚོས་ནང་མི་སྤུན་མཆེད་ཁྲིད་ནས་གཟིམ་ཆུང་མཇལ་ཁ་ཞུས། མཇལ་ཁ་ཞུས་པའི་སྐུ་པར་དེ་ངོ་དེབ་སྟེང་བཞག་པ་སོགས་བྱེད་སྟངས་དེ་ངོ་ཚ་དགོས་པ་ཞིག་རེད། ང་ཚོས་དུས་རྟག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཞུ་གི་ཡོད། ད་དུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཏེ་མཛད་དཀའ་བཟོ་ན་འགྲིག་གི་རེད་དམ། ཚང་མས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་གསོ་གནང་མཛད་དགོས་ཀྱི་འདུག ཅེས་ཡིག་ངག་གཉིས་ཀའི་ཐོག་ནས་གསུང་མཁན་མང་པོ་འདུག
ཚང་མར་རྗེས་སུ་ཡི་རངས་ཡོད། ཡིན་ནའང་མཇལ་ཁ་ཉུང་དུ་གཏོང་དགོས་ན། འགོ་དང་པོ་སོ་སོ་རང་ཉིད་ནས་བརྩམས་དགོས། གཞིས་བཞུགས་བོད་མིར་མཚོན་ན་མི་ཚེའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་༸ཞལ་ཐེངས་གཅིག་ཀྱང་ཐོབ་ཐབས་བྲལ་བ་རེད། འོན་ཀྱང་ཁོང་ཚོས་ས་ཐག་རིང་པོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་༸ཞལ་མགྱོགས་ནས་མྱུར་དུ་མཇལ་རྒྱུའི་ཆེད་གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་ཡོད། ཅེས་གསུངས།
དེ་ནས་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་ནས་གསུང་དོན། རྒྱ་གར་དབུས་གཞུང་གི་ངོས་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ “Tibetan Rehabilitation Policy Act 2014″ ཞེས་པའི་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད། གཞིས་ཆགས་ཁག་སྲ་བརྟན་ཡོང་བར་རྒྱ་གར་དབུས་གཞུང་ལ་དེབ་སྐྱེལ་བྱས་ཐུབ་ཡོད། དེ་བཞིན་བོད་གཞུང་ཟློས་གར་ཚོགས་ཁང་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་། འགྲེམས་སྟོན་ཁང་སོགས་གསར་རྒྱག་གནང་ཐུབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས། མི་མང་གི་དྲི་བ་ཁག་གཅིག་ལ་ལན་འདེབས་གནང་། ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ལ་འཚམས་གཟིགས་གནང་བ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།