ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༩ རེས་གཟའ་མིག་དམར།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཤེས་རིག་མདུན་ལམ་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་༢༠༡༩ཟླ་ ༤ ཚེས་ ༩ ནས་ ༡༢ བར་ཉིན་གྲངས་བཞིའི་རིང་རྡ་སྟེང་བོད་ཁྱིམ་དུ་ཁྱིམ་ཚང་ཨ་མ་ལགས་རྣམས་ལ་ཕྲུ་གུ་གསོ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ཐོག་སྐུ་མགྲོན་གཙོ་བོ་རྡ་ས་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་དང་། རྡ་སྟེང་བོད་ཁྱིམ་ངེས་སྟོན་པ་ཚུལ་ཁྲིམས་རྡོ་རྗེ་ལགས། ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས། རྡ་སྟེང་བོད་ཕྲུག་ཁྱིམ་ཚང་གི་དོ་དམ་པ་བཀྲ་ཤིས་སྐྱིད་འཛོམས་ལུང་རིགས་ལགས། ཟབ་ཁྲིད་པ་བོད་ཀྱི་རྩོད་རྙོག་འདུམ་འགྲིག་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་དང་འབྲེལ་ཡོད་ལས་བྱེད་སྤེན་པ་ཕུན་ཚོགས་ལགས། ཤེས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པ། ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྡ་སྟེང་བོད་ཁྱིམ་གྱི་ཁྱིམ་ཚང་ཨ་མ་ལགས་གྲངས་ ༤༡ དང་། བུའི་ཉལ་ཁང་དོ་དམ་པ་ ༡ བཅས་ཁྱོན་མི་གྲངས་ཚོགས་བཅར་བ་ ༤༢ བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་རིག་མདུན་ལམ་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་སྦྱོང་ངོ་སྤྲོད་ཀྱི་གསུང་བཤད་གནང་གྲུབ་མཚམས་ཚོགས་བཅར་བ་རྣམས་ནས་རེ་རེ་བཞིན་སོ་སོའི་ཁྱིམ་ཚང་ནང་ཕྲུ་གུ་ག་ཚོད་ཡོད་མེད་སོགས་ངོ་སྤྲོད་ཞུས།
དེ་རྗེས་རྡ་ས་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་དང་འབྲེལ་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སྟེང་བོད་ཁྱིམ་གྱི་ཨ་མ་ལགས་རྣམས་ལ་ཕྲུ་གུ་གསོ་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཡོད།
དེ་སྔ་ཡིན་ན་བོད་ཕྲུག་ཁྱིམ་སྡེའི་ཕྱག་ལས་ངོ་བོ་ཐོག་ནས་ཁྱིམ་ཚང་ཨ་མ་ལགས་ཀྱི་ཕྱག་ལས་དེ་བཞིན་གལ་གནད་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་དང་ཞུས་མུས་ཡིན་པར་བརྟེན་ཨ་མའི་འོས་སྦྱོང་ཞེས་ཟུར་དུ་ཡོད། ད་ལྟ་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཁྱིམ་ཚང་ཨ་མ་ལགས་རྣམས་དེ་སྔོན་ཨ་མའི་འོས་སྦྱོང་ནང་འགྲིམས་ཟིན་པ་ཤ་སྟག་རེད། དེ་སྔོན་བོད་ཕྲུག་ཁྱིམ་སྡེའི་ངོས་ནས་ཕྲུ་གུའི་ཟས་བཅུད་ཐོག་ལ་ཟབ་སྦྱོང་ཞིག་གོ་སྒྲིག་གནང་ཟིན་ཡོད། ད་རེས་ཤེས་རིག་ལས་ཁུངས་ཀྱིས་རྩོད་རྙོག་སྐོར་ལ་ཡིན་འདུག མ་འོངས་པར་དེ་ལྟ་བུའི་ཟབ་སྦྱོང་བསྐོང་ཚོགས་གནང་ཐུབ་ཚེ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
ཁྱིམ་ཚང་ཨ་མ་ལགས་ཀྱི་འགན་གཙོ་ཆེ་བོ་ནི་ཐོག་མར་ཕྲུ་གུ་མི་རེ་ངོ་རེ་ངོ་ཤེས་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྣམ་པ་ཚོས་ཕྱག་ལས་གནང་བཞིན་ཡོད་པ་དེ་ཉིད་ཧ་ཅང་ཁག་པོ་ཡིན་པ་བརྟེན། ངས་ཁྱོད་རྣམས་ཀྱི་ཕན་སེམས་ཀྱི་ལས་དོན་དེ་བཞིན་བརླབས་ཆེན་གྱི་བྱ་བ་ཞིག་ཡིན་པར་ངོས་འཛིན་ཞུ་དང་ཞུས་བཞིན་ཡོད། གཉིས་ནས་ཕྲུ་གུ་རྒྱུས་ལོན་པའི་ཐོག་ནས་ལུས་སེམས་གཉིས་ཀ་བདེ་ཐང་བཟོ་དགོས་རྒྱུར་བྱམས་བརྩེའི་ཐབས་ལམ་ཞིག་བསྐྲུན་དགོས། ཕྲུ་གུ་རྣམས་ལ་བྱམས་བརྩེའི་ནུས་པ་འོག་ནས་གསོ་སྐྱོང་བྱེད་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། བྱམས་བརྩེའི་ཐོག་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཡང་ནས་ཡང་དུ་ཕེབས་བཞིན་ཡོད། ཕྲུ་གུའི་བཟང་སྤྱོད་དང་། ཟས་བཅུད། འཕྲོད་བསྟེན་སྤྱི་དང་། ལྷག་པར་ཤེས་ཡོན་གྱི་ཐོག་ལ་རྒྱུན་ལྡན་ནས་དོ་སྣང་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ལ་བྱེད་དགོས་ངེས་ཡིན། ཅེས་དང་། གཞན་ཡང་ཟབ་སྦྱོང་བ་རྣམས་ཟབ་སྦྱོང་གི་དུས་ཚོད་དེ་བཞིན་ཆུད་ཟོས་སུ་མ་བཏང་བར་གལ་ཆེན་པོ་བརྩིས་བའི་ཐོག་ནས་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
མཐར་ཤེས་རིག་མདུན་ལམ་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཆོས་ལྡན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས། །