ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །འདི་གར་ཀུམ་རའོ་སྒ་པ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ནས་ཕྱི་ལོ་ ༢༠༡༩།༠༣།༣༡ རེས་གཟའ་ཉི་མ་ཉིན་རྒྱབ་ཚོུད་ ༡༌༣༠ ཐོག་ཀུམ་རའོ་ས་གནས་འཐུས་ཚོགས་སྐབས་ ༧ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༧ ནས་ཚོགས་མི་ ༦ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ངག་དབང་བློ་གྲོས་ལགས་དང་ཚོགས་གཞོན་བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་ཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག
ས་གནས་འཐུས་ཚོགས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། གོང་ཚེས་ཉིན་གྱི་ཕྱི་དྲོ་ཚོུད་ ༢༌༤༥ ཐོག་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པས་ཀུམ་རའོ་ས་གནས་མི་མང་ ༣༡ ཚོགས་བཅར་ཞུས་པ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་། བཅའ་ཁྲིམས་དགོངས་དོན་མང་གཙོ་ཀ་བ་གསུམ་སོ་སོའི་འགན་དབང་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་བ་དང་། སྐབས་མཚམས་དྲི་བ་ལ་ལན་འདེབས་གནང་འདུག་པ་བཅས། །