ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ད་རིང་ནི་རྒྱལ་བ་འོད་དཔག་མེད་ཀྱི་རྣམ་སྤྲུལ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོ་ཡིན། དེ་རིང་གི་ཉིན་མོ་ནི་སྤྱིར་བོད་མི་ཡོངས་ནས་དགའ་སྤྲོ་གནང་འོས་པའི་ཉིན་མོ་ཞིག་ཡིན་ནའང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མི་ཚོས་དགའ་སྤྲོ་བྱ་རྒྱུའི་ཚབ་ཏུ་བློ་ཕམ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགེ་འདུན་ཆོས་ཀྱི་ཉི་མ་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་ཁོང་དང་ཁོང་གི་ནང་མི་བཅས་བཙན་འཁྲིད་གསང་ཉར་བྱས་རྐྱེན་ད་བར་ཤེས་རྟོགས་ཐུབ་མེད། དེར་བརྟེན་བོད་མི་ཚོ་ལ་མཚོན་ན་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཇིག་རྟེན་འདིར་བྱོན་པའི་དགའ་སྟོན་ཞུ་རྒྱུའི་གོ་སྐབས་ཙམ་ཡང་མ་ཐོབ་པ་མ་ཟད། ཁོང་དགུང་གྲངས་ ༥ ཙམ་ལ་བསྒྲོན་པའི་སྐུ་པར་ཞིག་མ་གཏོགས་སྐུ་དངོས་ལྟ་ཞོག་སྐུ་པར་ཙམ་ཡང་མཇལ་རྒྱུར་བསྐལ་བས་དབེན།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནི་བོད་མི་ཡོངས་ཀྱིས་ངོས་འཛིན་དང་བརྩི་བཀུར་ཞུ་ཡུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་དབུ་འཁྲིད་གལ་ཆེན་ཞིག་ཡིན། བཀྲ་ཤིས་ལྷུན་པོའི་གདན་ས་ནི་པཎ་ཆེན་དགེ་འདུན་གྲུབ་བམ་༸རྒྱལ་བ་སྐུ་ཕྲེང་དང་པོས་ཕྱག་བཏབ་པ་ཞིག་ཡིན་ཞིང་། པཎ་ཆེན་དགེ་འདུན་གྲུབ་ཀྱི་རྗེས་སུ་བྱུང་བའི་བཀྲ་བཤིས་ལྷུན་པོའི་གདན་ས་རིམ་བྱོན་གྱི་མཚན་གྱི་འགོར་པཎ་ཆེན་ཞེས་པའི་མཚན་བསྟོད་འདི་འཇགས་པ་ཡིན། ༸གོང་ས་ལྔ་པ་ཆེན་པོས་གང་ཉིད་ཀྱི་ཡོངས་འཛིན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་བཀྲ་ཤིས་ལྷུན་པོ་དགོན་པའི་བདག་དབང་དང་ཆོས་གཞིས་འཕར་མ་ཕུལ་གནང་མཛད་པ་ནས་བཟུང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཡང་སྲིད་རིམ་བྱོན་ལ་བཀྲ་ཤིས་ལྷུན་དགོན་གྱི་བདག་དབང་སྐྱོང་རྒྱུའི་ཐོབ་ཐང་བྱུང་བ་རེད། ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་ནས་ལྷ་སར་སྤེལ་བའི་གསུང་བཤད་ཅིག་གི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་ཚོའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན་ཞེས་གསུངས་ཡོད།
ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་ནས་སྐུ་ཚེ་ཧྲིལ་པོ་བོད་རྒྱ་ཆེ་མི་མང་གི་རང་དབང་དང་བདེ་སྡུག་ཆེད་སྐུ་ངལ་ཚད་མེད་བསྐྱོན་ཡོད། དགུང་གྲངས་ ༢༤ ལ་ཕེབས་སྐབས་ཁོང་གིས་རྒྱ་ནག་སྲིད་བློན་ཀྲའུ་ཨེན་ལེ་ལ་སྙིང་སྟོབས་ཆེན་པོའི་ཐོག་ནས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བ་དང་། སྙན་ཞུ་དེའི་ནང་རྒྱ་ནག་བཅིངས་བཀྲོལ་དམག་གིས་བོད་བཙན་འཛུལ་རྗེས་བོད་གངས་ཅན་ལྗོངས་སུ་གཏོར་བཤིག་ཇི་འདྲ་བཏང་བ་དང་། བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་འོག་དཀའ་སྡུག་ཇི་འདྲ་མྱངས་དང་མྱོང་བའི་སྐོར་གནས་ཚུལ་ཞིབ་རྒྱས་བཀོད་ཡོད། དཔེར་ན། ཟིང་འཁྲུག་ཞོད་འཇགས་ལ་སྙད་དེ། ཟིང་འཁྲུག་དང་རྩ་བ་ནས་འབྲེལ་བ་མེད་པའི་བོད་མི་སྟོང་ཕྲག་མང་པོར་ཉེས་མེད་ཉེས་འཛུགས་ཀྱི་ཞྭ་མོ་གང་བྱུང་གཡོགས་ནས་འཐབ་འཛིང་བཏང་བ་དང་། འཛིན་བཟུང་བྱས་པ། རྒྱུ་དངོས་འཕྲོག་པ་སོགས་ཀྱི་གནས་ཚུལ་ཇི་སྙེད་བྱུང་ཡོད།
སྙན་ཞུ་དེའི་ནང་དམངས་གཙོ་བཅོས་བསྒྱུར་ལ་སྙད་དེ་བོད་ནང་དགོན་པ་སྟོར་བཤིག་དང་ཆོས་ལུགས་ཉམས་དམས་ཇི་བཏང་གི་གནས་ཚུལ་ཡང་གསལ་པོར་བཀོད་ཡོད། རྨོངས་དད་མེད་པར་བཟོ་རྒྱུའི་རྒྱུ་མཚན་ཁ་ལ་འཁྱེར་ནས་གྲྭ་བཙུན་མང་པོ་བཙན་ཤེད་ཀྱི་སྐྱ་བབ་ཏུ་བཅུག་ཡོད། དེ་ཡང་དགོན་སྡེ་འགའ་ཞིག་ནང་ལས་བྱེད་པས་གཞོགས་གཅིག་ལ་གྲྭ་པ་ཚོ་སྟར་བསྒྲིགས་ནས་བཞག་པ་དང་། གཞོགས་གཅིག་ལ་བཙུན་མ་དང་དེ་མིན་བུད་མེད་ཚོ་སྟར་བསྒྲིགས་ནས་བཞག་སྟེ། སྔ་རྟིང་ཐོན་རིམ་བཞིན་བཟའ་ཚང་བསྒྲིག་ཏུ་བཅུག་པའི་གནས་ཚུལ་བྱུང་ཡོད།
དེར་མ་ཟད་མངོན་སུམ་འཛེམ་མེད་དུ་ཆོས་ལུགས་ལ་དམའ་འབེབས་ཀྱིས། རྒྱལ་བའི་བཀའ་བསྟན་འགྱུར་གྱིས་གཙོས་སྐུ་གསུང་ཐུགས་རྟེན་རྣམས་རྫས་ལུད་ཀྱི་རྒྱུ་ཆར་བེད་སྤྱོད་བྱས་ཤིང༌། རྐང་བཙུགས་ཏེ་སྐུ་ཐང་དང་དཔེ་ཆ་མང་པོ་ལྷམ་མཐིལ་བཟོ་བའི་རྒྱུ་ཆར་སྤྱོད་པ་སོགས་རྒྱུ་མཚན་ཅིའང་མེད་པ་སྨྱོན་པས་ཀྱང་བྱེད་དཀའ་བའི་བྱ་བ་མང་པོ་ཞིག་བྱས་ཡོད་པ་དང་། དམངས་གཙོ་བཅོས་བསྒྱུར་རྐྱེན་གྱིས་བོད་ནང་གི་དགོན་པ་བརྒྱ་ཆ་ ༩༧ ལྷག་སྟོར་བཤིག་དང་། གྲྭ་བཙུན་གྱི་མི་འབོར་བརྒྱ་ཆ་ ༩༣ མར་ཆག་ཡོད་པ་སོགས་འཁོད་ཡོད།
བོད་མི་མང་གི་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་སྐོར་སྙན་ཞུ་དེ་འདྲ་བ་ཞིག་རྒྱ་ནག་གི་མཐོ་རིམ་འགོ་འཁྲིད་ཚོར་ཕུལ་ནུས་པའི་སྙིང་སྟོབས་ཆེན་པོ་ཡོད་པའི་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པ་མཆོག་ནི་རྣམ་དཔྱོད་ལྡན་པའི་ཆོས་ལུགས་དབུ་འཁྲིད་གཙོ་གྲས་ཤིག་ཀྱང་ཡིན། ཁོང་ནས་སྐུ་ཚེ་ཧྲིལ་པོ་བོད་མི་མང་གི་བདེ་དོན་ལ་ཐུགས་འཁུར་དང་། གོ་སྐབས་ནམ་བྱུང་ལ་བོད་མིའི་དཀའ་སྡུག་གསལ་བཤད་གནང་ཡོད།
ཕྱི་ལོ་ ༡༩༨༧ ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་ཚོགས་ཆེན་ཐེངས་ལྔ་པར་ཞུགས་མཁན་བོད་ཀྱི་འཐུས་མིའི་ཚོགས་ཆུང་གྲོས་བསྡུར་ཐོག་གནང་བའི་གསུང་བཤད་ནང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནས། “རང་སྐྱོང་གི་བཅའ་ཁྲིམས་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་ནི་ང་ཚོ་གྲངས་ཉུང་མི་རིགས་ཁོ་ནའི་གནས་ཚུལ་ཞིག་མིན་པར་གཙོ་བོ་རྒྱ་རིགས་དང་། རྒྱལ་ཁབ་ཀྱི་ལས་བྱེད་པས་ངེས་པར་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་པའི་གནད་དོན་ཞིག་རེད། དེ་ནི་མི་ཞིག་གི་གྱོན་ཆས་མི་གྱོན་པ་མིན་ཡང་སྦྱིན་བདག་གིས་ཁོ་པར་གྱོན་ཆས་མ་གཡོགས་པ་དང་གཅིག་པ་ཡིན། ང་ཚོར་དབང་ཆ་ཡོད་པ་དེ་བེད་སྤྱོད་མ་བྱས་པ་མིན་པར། མི་ཚོས་དབང་ཆ་སྤྲོད་ཀྱི་མེད་པ་རེད་”ཅེས་གསུངས་ཡོད།
ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༤ ཉིན་བཀྲ་ཤིས་ལྷུན་དགོན་དུ་བསྩལ་བའི་གསུང་བཤད་མཐའི་མའི་ནང་། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཉམས་དམས་ཚབས་ཆེན་བཏང་བར་སྐྱོན་བརྗོད་དྲག་པོ་གནང་ཡོད། དེ་ཡང་ཁོང་གིས། “ང་ཚོས་ག་རི་བརྗོད་ཀྱི་ཡོད་ཅེ་ན། སངས་རྒྱས་ཀྱི་བསྟན་པ་ནི་སོ་སོའི་སྲོག་ལས་ཀྱང་གཅེས་པར་འཛིན་གྱི་ཡིན་ཞེས་བརྗོད་ཀྱི་ཡོད། འདི་གཏོར་དགོས་ཟེར་བ་ག་དྲ་བྱས་ཏེ་དང་ལེན་བྱེད་ཐུབ་བམ། དེ་ནི་དབྱེ་བ་འབྱེད་དགོས་པ་ཞིག་ཡིན་པར་ང་རང་བསམ་གྱི་ཡོད། ཡིན་ན་ཡང་དོན་དུ་ང་ཚོར་རེ་བ་བཏོན་པ་ནི་ཧ་ཅང་ཁྱད་མཚར་པོ་དང་། ཀྱོག་ཀྱོག དོན་དུ་གྲུབ་མི་ཐུབ་པ་ཞིག་བཏོན་”ཡོད་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་ལོ་བཅུ་ཕྲག་གསུམ་གྱི་རིང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པ་དང་། བོད་ནང་འགྲིག་པའི་ལས་དོན་རེ་ཟུང་སྤེལ་ཡོད་རུང་། ཚབས་ཆེའི་ནོར་འཁྲུལ་ཡང་མང་པོ་ཤོར་ཡོད། ཅེས་གསུངས་ནས་བོད་ནང་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་བཏང་བ་རྣམས་བསྐྱར་དུ་ཐེར་འདོན་གནང་ཡོད།
གསུང་བཤད་དེ་གནང་ནས་ཉིན་བཞིའི་རྗེས་ཏེ་ཕྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༢༨ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གནས་སྟངས་ཡ་མཚན་པོ་ཞིག་འོག་གློ་བུར་དུ་སྐུ་གཤེགས། སྤྱིར་རྒྱ་ནག་གཞུང་འབྲེལ་ཐོག་ནས་རིན་པོ་ཆེ་མཆོག་སྙིང་གི་ནད་གཞི་ཕོག་རྐྱེན་དགོངས་པ་རྫོགས་ལུགས་འགྲེལ་བརྗོད་བྱས་ཡོད་ཀྱང་། དཔའ་མཛངས་སྙིང་སྟོབས་ཅན་གྱི་བླ་ཆེན་ཁོང་ལྟ་བུ་ཞིག་གིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དྲག་པོ་གནང་ནས་ཉིན་ཤས་ལས་མ་སོང་བར་གློ་བུར་སྙིང་ནད་འོག་དགོངས་པ་རྫོགས་འདུག་ཟེར་སྐབས་བློ་ཡུལ་དུ་གཤོང་དཀའ་བ་ཞིག་རེད།
ཀུན་གཟིགས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེར་རྒྱ་ནག་གཞུང་གི་དབང་འོག་ཏུ་མཐའ་གཅིག་ཏུ་འཇུག་ཆེད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་ཡང་སྤྲུལ་ལ་ངོས་འཛིན་མ་ཞུས་པར་ཁོ་པ་ཚོས་ཁྱིའུ་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་བསྐོ་གཞག་བྱེད་པ་རེད། བྱེད་བབ་དེ་ནི་སྲོལ་རྒྱུན་བོད་མིའི་ཆོས་ཕྱོགས་ཀྱི་ལམ་སྲོལ་དང་ཡོངས་སུ་འགལ་ཞིང་། བསྐོ་གཞག་བྱེད་ཕྱོགས་ཀྱི་བརྒྱུད་རིམ་དེ་ཡང་གཡོ་བྱུས་སྣ་ཚོགས་བརྒྱུད་དམར་ཤོག་ཚོགས་པའི་ཚོགས་མིའི་ཕྲུ་གུ་ཞིག་བདམས་ཐུབ་པ་བྱས་ཡོད།
ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་གར་སོང་ཆ་མེད་དུ་བསྒྱུར་ནས་ད་བར་མི་ལོ་ ༢༤ འདས་ཟིན་ཡོད། ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ད་ལྟ་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་བཤད་དགོས་སྐོར་ང་ཚོས་འབོད་བསྐུལ་དང་རྒྱལ་སྤྱིའི་གནོན་ཤུགས་ཇི་སྙེད་ཅིག་སྤྲོད་ཡོད་རུང་། རྒྱ་ནག་གཞུང་གིས་ད་བར་ཁོང་གི་ད་ལྟའི་གནས་སྟངས་སྐོར་གསལ་བཤད་གང་ཡང་བྱས་མེད། རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་ཆུང་དང་། ཆོས་ལུགས་དད་མོས་རང་དབང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་སོགས་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གཟུགས་བདེ་ཐང་ཡིན་མིན་དང་ཁོང་ཉིད་ད་ལྟ་གང་དུ་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤོད་དགོས་པའི་འབོད་བསྐུལ་གནང་བར་རྒྱ་ནག་དབང་འཛིན་པ་ཚོས་ཁོང་ད་ལྟའི་ཆར་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད་པ་དང་། ཁོང་ལ་དེང་དུས་ཀྱི་ཤེས་ཡོན་ཐོབ་ཡོད་ལུགས་དང་། ཁོང་དང་ཁོང་གི་ནང་མི་རྣམས་ལ་ཕྱི་ནས་བསུན་གཙེར་བཟོ་བར་ཐུགས་འདོད་གནང་གི་མེད་ལུགས་བཅས་བསྐྱར་བཤད་ཡང་བཤད་ཁོ་ན་བྱས་ཡོད། རྒྱ་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་བསླབ་པ་སློབ་གཉེར་གྱི་གནས་སྟངས་སྐོར་གསལ་བཤད་གང་ཡང་མ་བྱས་པ་དེས་བོད་མིའི་སྲོལ་རྒྱུན་ཆོས་ཕྱོགས་ཀྱི་ལམ་ལུགས་དང་ཉམས་ལེན་གལ་ཆེན་ཡིན་པ་ད་དུང་ཡང་ཁོ་པ་ཚོས་རྒྱུས་ལེན་བྱེད་ཐུབ་མེད་པ་གསལ་སྟོན་བྱེད་ཡོད།
རྒྱལ་སྤྱིའི་ལྡིངས་ཆའི་སྟེང་རྒྱ་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ཅེས་ཡང་ནས་ཡང་དུ་བརྗོད་ཀྱི་ཡོད་པ་སོང་། གལ་ཏེ་དེ་དངོས་བདེན་ཡིན་ཚེ། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་རྒྱལ་སྤྱིའི་མི་མང་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་གཏོང་ཐབས་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།།