ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །བོད་རྒྱལ་ལོ་ ༢༡༤༦ ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༢༥ ཉིན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་། པཎ་ཆེན་སྐུ་གོང་མའི་མཛད་འཕྲིན་ལ་བཀའ་དྲིན་རྗེས་དྲན་གྱི་གཞུང་འབྲེལ་སྲུང་བརྩི་གཟབ་རྒྱས་ཞུས་པ།
དེ་ཡང་སྔ་དྲོ་ཚོུད་ ༡༠ པའི་ཐོག་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇའི་སིངྒ་མཆོག་ ( Mr Ajay Singh ) དང་། དམིགས་བསལ་སྐུ་མགྲོན་རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་ཕེབས་མཚམས་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་སྐབས། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་ཕུལ།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་བསྟུན་དམིགས་བསལ་སྐུ་མགྲོན་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིན་པོ་མཆོག་དང་། སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨ་ཇའི་སིངྒ་ (Mr Ajay Singh Mankotia) མཆོག ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག ཁྲིམས་ཞིབ་པ་གཞན་གཉིས་མཆོག བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་ཕུལ།
དེ་ནས་སྐུ་མགྲོན་རྣམས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་མཚམས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་སྐུ་ཚབ་སྔགས་ཆེན་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་མཆོག་ནས་དུས་ཆེན་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་༣༠ཐམ་པར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་ང་ཚོ་གཞིས་བྱེས་གདན་ས་བཀྲ་ཤིས་ལྷུན་པོའི་ལྷ་སྡེ་མི་སྡེ་ཡོངས་ནས་སྒོ་གསུམ་གུས་པ་ཆེན་པོའི་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་ལག་ཟུང་ཐལ་མོ་སྙིང་ཁར་ཟུམ་ཏེ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
དེ་ཡང་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་འགྲོ་བའི་དོན་འབའ་ཞིག་གི་ཆེད་དུ་ཡིན་པ་བསྙོན་དུ་མེད་ཀྱང་། བདག་ཅག་བསོད་ནམས་ཀྱི་ལས་མཐུ་དམན་པས་མགོན་པོ་གང་ཉིད་ལོ་ངོ་བཅུ་ཕྲག་གཉིས་ལྷག་ནག་ཕྱོགས་མུན་པའི་བཙོན་དུ་ལྷུང་ནས་ད་ལྟའང་གར་བཞུགས་གནས་སྟངས་ངོ་མ་སུས་ཀྱང་ཤེས་ཐབས་བྲལ་བའི་ཛ་དྲག་གི་གནས་སུ་གྱར་ཡོད་པ་འདི་ནི་རང་གཞན་འབྲེལ་ཆགས་ཡོངས་ཀྱི་ཧ་ཅང་གནོང་འགྱོད་དང་བློ་འཚབ་ཀྱི་ཡུལ་ལས་མ་འདས།
སྤྱིར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་རྣམས་ནི་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་བསྟན་པ་དང་འགྲོ་བའི་དོན་དུ་རླབས་ཆེ་བའི་མཛད་རྗེས་ཅན་གྱི་སྐྱེས་བུ་དམ་པ་ཞེ་ཅིག་བྱོན་ཡོད་པ་དང་། ལྷག་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ནི་ཉེ་དུས་བོད་ཀྱི་ལོ་རྒྱུས་གཉན་ཕྲང་ཅན་གྱི་སྐབས་སུ་ཐུགས་སྟོབས་འབད་པ་ཆེར་བསྐྱེད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གོང་སྤེལ་དང་། ཤེས་རིག་དཔལ་ཡོན་འཛུགས་བསྐྲུན། ཁྱད་པར་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་དང་། མིང་དོན་མཚུངས་པའི་བོད་རང་སྐྱོང་གཙང་མ་ཞིག་ཡོང་རྒྱུར་སྐུ་ངལ་བརྒྱ་ཕྲག་འཁུར་དུ་བཞེས་ཏེ་བོད་ཆོལ་གསུམ་ས་ཁུལ་ཁག་ཏུ་ཞབས་ཀྱིས་བཅགས་ནས་བོད་རིགས་མི་དམངས་དཀྱུས་མའི་འཚོ་བར་དངོས་སུ་མཁྱེན་རྟོགས་གནང་བ་དང་། མི་དམངས་རྣམས་ལ་ཆོས་སྲིད་གང་ཅིར་ཕན་པའི་བཀའ་སློབ་ལམ་སྟོན་གནང་བ། སྔ་རྗེས་སུ་རྒྱ་ནག་གཞུང་དང་ཐད་ཀར་མདུང་རྩེ་ཁ་སྤྲོད་ཀྱི་འཐབ་རྩོད་དྲག་པོ་གནང་ནས་བོད་རིགས་མི་དམངས་ཡོངས་ལ་བདེ་སྐྱིད་ཡོང་ཐབས་སུ་མཐའ་མ་གང་ཉིད་ཀྱི་སྐུ་སྲོག་བློས་བཏང་གནང་ཡོད། ད་ལྟ་བོད་ནང་ལྷག་པའི་བོད་ཀྱི་སྐད་ཡིག་དང་མི་རིགས་རང་སྐྱོང་གི་ཐོབ་ཐང་ཕྲན་བུ་རྩོད་ས་ཡོད་པ་དེ་དག་ཁོང་གི་བཀའ་དྲིན་ཉག་ཅིག་ཡིན་པ། མི་ལོ་སུམ་ཅུ་འཁོར་བའི་རིང་ཡང་བོད་ས་སྟོད་སྨད་བར་གསུམ་ནས་མགོ་ནག་བོད་མི་ཡོངས་ཀྱིས་ཁ་ནས་རྩོད་མེད་ཡོངས་གྲགས་སུ་གླེང་བཞིན་ཡོད།
གནམ་ལ་ཉི་མ་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན་ཟེར་བ་ལྟར་རྒྱལ་བ་པཎ་ཆེན་ཡབ་སྲས་རྣམ་གཉིས་ནི་འདས་པའི་བོད་ཀྱི་ལོ་རྒྱུས་ནང་ཕན་ཚུན་བླ་སློབ་ཀྱི་ཚུལ་དུ་བྱོན་ནས་བསྟན་འགྲོར་སྨན་པའི་རླབས་ཆེན་གྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་ཡོད་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་བཞིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ངོས་འཛིན་གསལ་བསྒྲགས་བསྐྱངས་གནང་མཛད་ཡོད། འོན་ཀྱང་དོན་དེར་རྒྱ་ནག་གཞུང་གིས་འཁྱོག་བརྗོད་དང་འབྲེལ་སྐབས་དེར་དགུང་ལོ་དྲུག་ལས་མ་སོན་པའི་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར། བོད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་དབུ་འཛིན་དང་། ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་དབུ་འཛིན་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་སོགས་གནད་ཡོད་ཀྱི་མི་སྣ་རྣམས་འཛིན་བཟུང་བཙོན་བཇུག་བྱས་ཡོད།
ཕྱི་ལོ་ ༡༩༩༥ ལོ་ནས་ད་བར་མི་ལོ་ཉི་ཤུ་རྩ་བཞིའི་རིང་བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་། གདན་ས་བཀྲ་ཤིས་ལྷུན་པོ་དགོན་པ་དང་དམིགས་བསལ་ཚོགས་ཆུང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་གང་སར་ཡོད་པའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག སེར་སྐྱ་མི་དམངས་ཁྲི་ཚོ་མང་པོས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་འཕྲལ་མར་གློད་བཀྲོལ་དགོས་པའི་ལས་འགུལ་བསྟུད་མར་སྤེལ་ནས། གནད་དོན་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐོབ་ཐང་གི་སྙན་ཐོ། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། ཨ་རི་དང་ཨིན་ཡུལ། ཁེ་ན་ཌ ཡོ་རོབ་སོགས་འཛམ་གླིང་རྒྱལ་ཁབ་མང་པོའི་གྲོས་ཚོགས་ཁག་ནས་སྔ་རྗེས་སུ་སྙན་ཐོ་བཏོན་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ནན་པོ་བྱས་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གིས་ཁུངས་ལུང་ལྡན་པའི་ལན་འདེབས་གསལ་བཤད་གཅིག་ཀྱང་བྱེད་མྱོང་མེད།
འདི་ནི་བོད་ཀྱི་བླ་ཆེན་གཅིག་གི་ཡང་སྲིད་བརླགས་པའི་གནད་དོན་གཅིག་པོ་མ་ཡིན་པར། དོན་དངོས་ཐོག་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་ཚད་ལས་འགལ་བའི་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པའི་ཁུངས་སྐྱེལ་ར་སྤྲོད་གསལ་པོ་བྱེད་ཀྱི་ཡོད།
ད་དུང་རྒྱ་ནག་གཞུང་གིས་འབྱུང་འགྱུར་རྒྱལ་བའི་ཡང་སྲིད་བརྩད་འཚོལ་སྐོར་ལ་ད་ལྟ་ནས་ཧམ་སེམས་བཅངས་ཏེ་དངོས་ཡོད་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དྲིལ་བསྒྲགས་བྱེད་བཞིན་ཡོད་པ་འདི་དག་ནི། དོན་དངོས་ཐོག་ད་ལྟ་ཕྱི་དངོས་པོའི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱ་ནག་རྒྱལ་ཁབ་ཀྱི་མིང་གྲགས་དང་ཁེ་ཕན་ལ་ཏན་ཏན་གནོད་ངེས་རེད། ངོ་ཚོས་གཞུང་དྲང་དང་རང་དབང་གི་སྒོ་ནས་བདེན་དོན་རྩོད་རྒྱུར་ད་བར་འབད་བརྩོན་དང་ཡིད་ཆེས་བྱེད་བཞིན་ཡོད་པ་དང་། ད་དུང་མུ་མཐུད་ཇི་སྲིད་བདེན་དོན་མ་གསལ་བར་དུ་དེ་སྲིད་བདེན་དོན་རྩོད་རྒྱུ་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མིན། ཞེས་གསུང་བཤད་གནང་།
དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་གནང་བ་དང་། གསུང་བཤད་གྲུབ་མཚམས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨ་ཇའི་སིངྒ་ Mr Ajay Singh Mankotia མཆོག་ནས་ (The Panchen Lama Lineage) ཞེས་པའི་ཨིན་ཡིག་དཔེ་དེབ་དབུ་འབྱེད་གནང་འདུག
དེ་ནས་ས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་མཆོག་ནས་གསུང་བཤད་གནང་དོན། དེ་རིང་འདིར་གཞུང་འབྲེལ་གྱི་ཐོག་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་་ཞུ་བཞིན་པ་རེད། འོན་ཀྱང་ཐབས་སྐྱོ་བ་ཞིག་ལ་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་མིའི་བཙན་དབང་འོག་བཙོན་དུ་ཚུད་ནས་མི་ལོ་ངོ་ཉེར་བཞི་ཕྱིན་ཏེ་ད་ལྟ་གང་དུ་ཡོད་མེད་ཙམ་ཡང་ཧ་མི་གོ་བར་ང་ཚོ་ཐམས་ཅད་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་དམིགས་བསལ་འབྲེལ་བ་ཡོད་པའི་སློབ་མ་སློབ་བརྒྱུད་རྣམས་དང་བོད་མི་མང་སྤྱི་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད། ༸ཀུན་གཟིགས་རིན་པོ་ཆེ་མཆོག་མགྱོགས་ནས་མྱུར་དུ་བཙོན་ཁང་ནས་གློད་གྲོལ་ཡོང་བར་ང་ཚོ་ཀུན་གྱིས་སྨོན་འདུན་ཤུགས་དྲགས་ཞུ་དགོས་པ་དང་། སེམས་ཤུགས་མ་ཆག་པའི་ཐོག་ནས་ལས་འགུལ་སྔར་ལས་ཀྱང་ཤུགས་ཆེ་རུ་བཏང་སྟེ་མུ་མཐུད་ལས་འགུལ་སྤེལ་བ་ཡིན་ན། བདེན་པ་ལ་མཐའ་གསལ་བའི་སྐབས་ཤིག་ཡོང་རྒྱུ་ཡོད་དུསྟབས། བླ་སློབ་ཞལ་འཛོམས་པ་དང་༸རྒྱལ་བ་པཎ་ཆེན་ཡབ་སྲས་གཉིས་ཞལ་འཛོམས་པའི་སྐལ་བ་བཟང་པོ་ཞིག་ཤར་བའི་དུས་ཚོད་མྱུར་དུ་འཆར་བའི་སྨོན་འདུན་ཞུ་བཞིན་ཡོད།
༸རྒྱལ་བ་པཎ་ཆེན་རྣམ་པ་གཉིས་ནི། གནམ་ལ་ཉི་ཟླ་རྣམ་གཉིས་དང་ས་ལ་༸རྒྱལ་བ་ཡབ་སྲས་གཉིས། ཞེས་ཡོངས་སུ་གྲགས་པ་ལྟར་བོད་རྒྱ་ཆེའི་མི་མང་ལ་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་བླ་མ་ཆེན་པོ་གཉིས་ཡིན། བོད་མི་རིགས་ཤིག་ཡིན་ཕྱིན་ཆད་༸རྒྱལ་བ་པཎ་ཆེན་གཉིས་ལ་འབྲེལ་བ་མེད་མཁན་ཞིག་ཕལ་ཆེར་མེད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བོད་མིའི་རང་དབང་གི་ཆེད་དུ་སྐུ་སྲོག་བློས་བཏང་བ་ཞིག་རེད། བོད་མི་མང་གི་བདེ་དོན་གྱི་ཆེད་དུ་རྒྱ་ནག་གཞུང་ལ་ཡིག་འབྲུ་ཁྲི་བདུན་ཅན་གྱི་སྙན་ཞུ་ཕུལ། ལོ་མང་པོའི་རིང་རྒྱ་ནག་གི་བཙོན་ཁང་དུ་བཞུགས། བཙོན་གྲོལ་ཐོབ་པའི་རྗེས་སུ་བོད་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་འཛིན། འཛུགས་བསྐྲུན་སོགས་གང་ཅིའི་ཐད་ནས་མཛད་འཕྲིན་རྒྱས་བཞིན་པའི་སྐབས་གློ་བུར་དུ་དགོངས་པ་གཞན་དོན་དུ་གཤེགས་པ་རེད།
རྒྱ་ནག་གཞུང་གི་དབུ་ཁྲིད་ཚོའི་སྣང་བ་ལ་མི་འགྲོ་བ་དང་ཁོ་ཚོའི་འདོད་ཕྱོགས་དང་མི་མཐུན་པའི་ལས་ཀ་བྱེད་མཁན་ཞིག་ཡོད་ན་མི་དེ་མེད་པའི་ཐབས་ཤེས་བྱས་ཏེ་གོ་མེད་ཚོར་མེད་བྱ་རྒྱུ་དེ་རྒྱ་མིའི་ལས་ཀ་བྱེད་སྟངས་ཀྱི་སྲིད་བྱུས་རེད། ཐ་ན་བོད་མི་དཀྱུས་མ་ཞིག་གིས་སྦྱར་ཡིག་ཅིག་སྦྱར་བ་དང་རྒྱ་ནག་གཞུང་གི་ལས་དོན་བྱེད་ཕྱོགས་ལ་མ་དགའ་བའི་རྣམ་འགྱུར་ཙམ་ཞིག་བསྟན་པ་ཡིན་ནའང་དེའི་ཕྱི་ཉིན་ནས་བཟུང་མི་དེ་གོ་རྒྱུ་ཚོར་རྒྱུ་མེད་པར་བྱ་རྒྱུ་ཡིན་པ་རྒྱ་མིའི་ལམ་སྲོལ་ཡིན་དུས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གིས་བོད་སྤྱི་པའི་ཐོག་ལ་ནུས་པ་ཐོན་པའི་ཕྱག་ལས་རྒྱ་ཆེན་པོ་ཞིག་གནང་དང་གནང་བཞིན་པའི་སྐབས་ལ་གློ་བུར་དུ་དགོངས་པ་རྫོགས་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་གི་བསོད་ནམས་ཀྱིས་མ་འཆུན་པ་རེད། ཅེས་བཀའ་གནང་བ་བཞིན་ང་ཚོའི་བསོད་ནམས་ཀྱིས་མ་འཆུན་པ་ཞིག་རེད། དགོངས་པ་རྫོགས་སྟངས་ཀྱི་ཐད་ལ་གཞུང་སྒེར་ཀུན་གྱིས་ད་དུང་ཡང་ཞིབ་འཇུག་གནང་དགོས་ས་ཞིག་ཏུ་གྱུར་ཡོད། མ་འོངས་པ་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དོན་དངོས་སུ་དགོངས་པ་རྫོགས་སྟངས་གང་འདྲ་བྱས་ནས་རྫོགས་ཡོད་མེད་ཧ་གོ་བའི་སྐབས་ཤིག་ཏན་ཏན་ཡོང་གི་རེད་བསམས།
ཕྱི་ལོ་ ༡༩༨༤ ལོར་ང་བོད་ནང་ལ་ཉེ་འཕྲད་དུ་བསྐྱོད་པའི་སྐབས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་དངོས་སུ་མཇལ་ནས་བཀའ་སློབ་སྔ་ཕྱི་ཞུས་མྱོང། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་དགོངས་པ་བཞེས་སྟངས་ནི། སྟག་ཕྲུག་ལེན་པ་ལ་སྟག་ཚང་ནང་དུ་འཛུལ་དགོས། ཅེས་པའི་སྲིད་བྱུས་དེ་ཕྱག་བཞེས་གནང་སྟེ་སྐུ་ཚེ་ཧྲིལ་པོར་རྒྱ་ནག་གཞུང་ལ་ཁ་གཏད་བཅགས་ནས་བོད་ཀྱི་ཆོས་དང་རིག་གཞུང། བོད་མིའི་རང་དབང་གི་དོན་དུ་འཐབ་རྩོད་གནང་མཁན་ཞིག་རེད། ༸རྒྱལ་བ་རིན་པོ་ཆེས་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་མིའི་ཐོབ་ཐང་དགོས་ཀྱི་ཡོད་ཅེས་གསུངས་པའི་དགོངས་པ་ཇི་ལྟ་བ་བཞིན་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དོན་དེ་དངོས་སུ་ཕྱག་ལེན་དུ་བསྟར་ཏེ། བོད་ཀྱི་ཆོས་དང་རིག་གཞུང་གི་གནད་དོན་གང་འདྲ་ཞིག་ཡིན་ན་ཡང་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་ལ་ཐད་ཀར་གདོང་དང་གདོང་གཏུགས་ནས་ཕྱག་ལས་གནང་སྟེ་བོད་ནང་དུ་དོན་འབྲས་ལྡན་པའི་ཕྱག་ལས་ཤིན་ཏུ་རྒྱ་ཆེན་པོ་གནང་མཁན་གྱི་དཔའ་བོ་ཞིག་ཡིན་དུས། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པ་དེ་བོད་སྤྱི་པའི་བསོད་ནམས་ཀྱིས་མ་འཆུན་པ་དང། བོད་སྤྱི་པའི་དོན་དུ་དགོངས་པ་རྫོགས་པ་ཞིག་རེད། བོད་ཕྱི་ནང་གཉིས་ཀའི་བོད་མི་རྣམས་ཀྱིས་༸ཀུན་ཟིགས་པཎ་ཆེན་རིན་པོ་ཆེས་སྐུ་ལས་བསྐྱོན་ནས་ཕྱག་ལས་གནང་བ་དེ་དག་གི་རྒྱུན་བསྐྱངས་ནས་༸ཀུན་ཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་དེ་གལ་ཆེན་པོ་རེད།
བོད་ཕྱི་ན་ཡོད་པ་རྣམས་ཀྱིས་བོད་མིའི་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ལ་དོ་སྣང་བྱ་དགོས་པ་དང། བོད་ནང་ན་ཡོད་པའི་བོད་མི་རྣམས་ཀྱིས་ཀྱང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་འགོ་འཛུགས་གནང་བའི་ཕྱག་ལས་དེ་དག་རྒྱུན་སྐྱོང་བྱས་པ་ཡིན་ན། ལས་ཀ་དེ་དག་རྒྱ་ནག་གཞུང་གི་ཁྲིམས་དང་མཐུན་པ་ཞིག་གི་ཐོག་ནས་གནང་ཡོད་དུས་ཁྲིམས་དང་མཐུན་པའི་ཕྱག་ལས་དེ་དག་བོད་ནང་དུ་བཞུགས་པའི་བོད་མི་ཚོས་མཇུག་སྐྱོང་གནང་ཐུབ་པ་ཡིན་དུས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་དོན་དམ་པའི་དགོངས་རྫོགས་ཀྱི་མཆོད་འབུལ་ཆགས་རྒྱུ་ཡིན་པས་ཀུན་གྱིས་ཧུར་ཐག་གནང་རོགས། ཞེས་ཞུ་འདོད་བྱུང།
༸རྒྱལ་བ་ཡབ་སྲས་གཉིས་ཐུགས་ནམ་མཁའ་ནས་མཐུན་པ་ཞིག་གི་ཐོག་ནས་བོད་སྤྱི་པའི་དོན་དུ་སྐུ་ལས་བསྐྱོན་གྱི་ཡོད་ནའང། རྒྱ་ནག་གཞུང་གིས་༸རྒྱལ་བ་པཎ་ཆེན་གཉིས་ཀྱི་བར་ལ་ཐུགས་མི་མཐུན་པ་བཟོ་བ་དང་བོད་མིའི་ནང་ཁུལ་ལ་ཡང་མི་མཐུན་པ་བཟོ་བའི་ལས་འགུལ་མང་པོོ་ཞིག་སྤེལ་མྱོང་བ་རེད། དཔེར་ན། ང་བོད་ནས་བྲོས་བྱོལ་དུ་ཡོང་བའི་སྐབས་བོད་ཀྱི་བྱང་ཐང་འབྲོག་ས་བརྒྱུད་ནས་ཡོང་བའི་ལམ་བར་དུ། བོད་གཞུང་གི་གཞུང་སྡེ་རྣམས་རྫོགས་པའི་རྗེས་སུ་གཙང་གི་སྡེ་པའི་ནང་དུ་སླེབས་ཀྱི་ཡོད།
གཙང་གི་སྡེ་པའི་ནང་དུ་སླེབས་པའི་སྐབས་གཙང་སྡེ་འགའ་ཤས་ཀྱིས། དམྱལ་ལ་ཁྱེད་ཚོ་གཞུང་སྡེ་རེད། ང་ཚོ་པཎ་ཆེན་འོག་པ་རེད། རྒྱ་ནག་གཞུང་གིས་ང་ཚོ་ལ་གནོད་འཚེ་གང་ཡང་བྱེད་ཀྱི་མ་རེད། ཁྱེད་ཚོ་འདིར་སྡོད། ཅེས་བཤད་ཀྱི་འདུག།ཐ་ན་གྲོང་གསེབ་ཀྱི་འབྲོག་པ་ཚོའི་བསམ་བློའི་ནང་ལ་ཡང་དེ་འདྲའི་བསམ་ཚུལ་ངན་པ་ཞིག་བླུག་འདུག། བོད་མིའི་ནང་ཁུལ་ལ་མ་འཆམ་པ་དང་མི་མཐུན་པ་བཟོ་བ་དེ་རྒྱ་ནག་གཞུང་གི་སྲིད་བྱུས་གཙོ་བོ་རེད། རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་འོག་ནས་བོད་རིགས་འགའ་ཤས་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལ་མའོ་ཙེ་ཏུང་གི་བུ་གུ་ཟེར་བ་དང། ཚོང་བ་རྒྱག་པ་ཟེར་བ་སོགས་ནང་ཁུལ་མི་མཐུན་པའི་དཀྲུག་ཤིང་གི་ལས་ཀ་ཡང་བྱས་མྱོང་བ་རེད། ད་ཕྱིན་ཆད་བོད་ཕྱི་ནང་གཉིས་སུ་འདིའི་རིགས་མེད་པར་ནང་ཁུལ་ལ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པ་གལ་ཆེན་པོ་རེད། ཅེས་ཞུ་འདོད་བྱུང།
ཕྱི་ལོ་ ༡༩༩༥ ལོར་༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྟངས་ལ་མཚོན་ན། ༸རྒྱལ་བ་རིན་པོ་ཆེས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ལ་ངོས་འཛིན་གནང་བའི་ཚོགས་འདུའི་ཐོག་ང་ལ་ཡང་ཤོག་གསུངས་ནས་ཕོ་བྲང་གི་ཚོམས་ཆེན་དུ་ངོས་འཛིན་གནང་སྟངས་ཀྱི་སྐོར་ཁྱབ་བསྒྲགས་གནང་སོང། ༸པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་གནང་སྟངས་དེ་བོད་ཀྱི་ཆོས་དང་མཐུན་པ་དང། རིག་གཞུང་དང་མཐུན་པ། བོད་ཀྱི་གནའ་བོའི་སྲོལ་རྒྱུན་དང་མཐུན་པ་ཞིག་གི་ཐོག་བརྟག་དཔྱད་ཡང་ཡང་གནང་ནས་ངོས་འཛིན་གནང་བའི་སྐོར་༸རྒྱལ་བ་རིན་པོ་ཆེས་ཕྱི་གསལ་ནང་གསལ་བྱས་ནས་བཀའ་སློབ་གནང་སོང། མཚན་ཐོ་གཅིག་གི་ཐོག་ལ་ཐག་གཅོད་གནང་བ་ལྟ་བུ་མ་ཡིན་པར། བོད་ཕྱི་ནང་གཉིས་ཀ་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལ་དོགས་གནས་ཡོད་པའི་མཚན་ཐོ་མང་པོ་འབྱོར་བ་དེ་དག་ལ་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོལ་རྒྱུན་དང་མཐུན་པའི་ཐོག་ནས་བརྟག་དཔྱད་གནང་སྟེ་ངོས་འཛིན་གནང་བ་ཞིག་ཡིན་ནའང། དེ་མ་ཐག་རྒྱ་ནག་གཞུང་གིས་དེ་ཁྲིམས་དང་མ་མཐུན་པ་རེད་ཟེར་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་ཡབ་ཡུམ་ཉེ་འབྲེལ་དང་བཅས་པ་ཡོངས་རྫོགས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་བཏང་བ་རེད།
རྒྱ་ནག་གཞུང་གིས་ཁྲིམས་དང་མཐུན་པའི་ཐོག་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱས་པ་ཡིན་ཞེས་བསྒྲགས་པ་རེད། ཁོ་ཚོས་ཁྲིམས་དང་མཐུན་པའི་ཐོག་ནས་ཡང་སྲིད་ངོས་འཛིན་བྱས་པ་ཡིན་ཞེས་བཤད་ཀྱི་ཡོད། སྐབས་དེར་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་ངོས་འཛིན་བྱེད་སྟངས་ནི་རྫུན་མ་དང་ཁྲམ་པ་གང་འདྲ་བྱས་ཡོད་མེད་ཨ་ཀྱཱ་རིན་པོ་ཆེའི་དེབ་ཀྱི་ནང་དུ་གསལ་པོར་བཀོད་ནས་འཛམ་གླིང་ཡོངས་ལ་བསྒྲགས་ཡོད་དུས། དེ་ནི་ཁྲིམས་དང་མི་མཐུན་པ་དང། ཆོས་ལུགས་ཀྱི་འགྲོ་སྟངས་དང་མི་མཐུན་པ། བོད་ཀྱི་གནའ་བོའི་འགྲོ་ལུགས་གང་དང་ཡང་མི་མཐུན་པར་བོད་ཀྱི་ཆོས་དང་རིག་གཞུང་རྩེད་མོ་རྩེད་སྤྱད་བྱས་པ་གསལ་པོར་གྱུར་ཡོད། བོད་མི་མང་ལ་མགོ་སྐོར་བཏང་སྟེ་ཡང་སྲིད་རྫུན་མ་ཞིག་བཟོས་པ་དེ་གསལ་པོར་གྱུར་པ་ཡིན་དུས། རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་བྱེད་པའི་སྲིད་བྱུས་ལ་ད་ལྟ་ཕམ་ཉེས་ཕྱིན་པ་རེད། ཁོ་ཚོས་སྐྱག་རྫུན་བཤད་པའི་གནས་ཚུལ་དེ་དེང་སང་འཛམ་གླིང་ནང་གསལ་པོར་གྱུར་ཡོད།
རྒྱ་ནག་གཞུང་གིས་ངོས་འཛིན་ཞུས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རྒྱལ་མཚན་ནོར་བུ་ཡང་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་དང་པཎ་ཆེན་རིན་པོ་ཆེའི་སྐུ་གསུང་ཐུགས་གང་ཡང་རུང་བའི་སྤྲུལ་སྐུ་ཞིག་ཡིན་ཆོག་པ་རེད་ཅེས་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་ཡོད། རྒྱ་མིས་ངོས་འཛིན་ཞུས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ཁོང་ཉིད་ཀྱང་རིག་པ་རྣོན་པོ་གཞན་དང་མ་འདྲ་བ་ཞིག་ཡིན་པ་ང་ཚོས་གསལ་པོ་ཤེས་ཐུབ་ཀྱི་འདུག།རྒྱ་མིའི་སྐད་ཡིག་གིས་མཚོན་པའི་སློབ་སྦྱོང་ཡང་གང་འཚམས་ཡག་པོ་བྱས་ཡོད་པའི་གནས་ཚུལ་འདུག ཡིན་ནའང་རྒྱ་མིས་ངོས་འཛིན་བྱས་པའི་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དེ་རང་གི་གདན་ས་བཀྲ་ཤིས་ལྷུན་པོ་ལ་བཞུགས་ནས་གསན་བསམ་སློབ་གཉེར་གནང་དུ་མི་འཇུག་པའི་རྒྱུ་མཚན་ཅི་ཡིན། བླ་མ་ཞིག་ཡིན་ན་རང་གི་གདན་ས་ལ་བཞུགས་ནས་གསན་བསམ་སློབ་གཉེར་གནང་སྟེ་བླ་མའི་མཛད་པ་མཛད་དགོས་པ་དེ་གལ་ཆེ་ཤོས་ཡིན་ན་ཡང་ཁོང་རྒྱུན་དུ་པེ་ཅིང་ལ་བཀག་ནས་བོད་ནང་དང་བཀྲ་ཤིས་ལྷུན་པོ་ལ་མཚམས་རེར་མ་གཏོགས་གཏོང་གི་མེད་པར་རྒྱ་ནག་གཞུང་གིས་བཟང་བཙོན་ལྟ་བུའི་ངོ་བོའི་ཐོག་ནས་བཞག་ཡོད་པ་གསལ་པོ་རེད།
ཁོང་ཉིད་ཀྱང་བོད་མི་ཞིག་ཡིན་དུས་རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་ཐུབ་ཀྱི་མེད་པ་གསལ་པོ་རེད། ཡིད་ཆེས་མེད་པའི་རྒྱུ་མཚན་གྱིས་པེ་ཅིང་ལ་བཀག་ཉར་བྱས་ཡོད། པཎ་ཆེན་རྒྱལ་མཚན་ནོར་བུ་རང་ཉིད་རྒྱ་མིས་གཡོ་སྒྱུ་འཁྲབ་གསུམ་བྱས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་བྱས་པ་ཡིན་པའི་གནས་ཚུལ་ངོ་མ་དེ་ཁོང་གིས་ཤེས་རྟོགས་བྱུང་བ་ཡིན་ན། རྒྱ་ནག་གཞུང་གིས་ང་བེད་སྤྱོད་གཏོང་རྒྱུའི་ཆེད་དུ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ལ་ངོས་འཛིན་བྱས་པ་མ་གཏོགས་ང་ལ་བརྩེ་བ་ཡོད་པའི་ཐོག་ནས་དོན་དམ་པའི་ངོས་འཛིན་བྱས་པ་མ་རེད་སྙམ་པ་ཐུགས་ལ་དགོངས་སྲིད། རྒྱ་ནག་གཞུང་གིས་ཁོ་ཚོས་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལ་ཡིད་ཆེས་མེད་པའི་དབང་གིས་བཟང་བཙོན་ལྟ་བུ་བྱས་ནས་པེ་ཅིང་ལ་བཀག་ཉར་ཞུས་པ་རེད། དེ་འདྲ་མིན་ན་བོད་ནང་གི་པཎ་ཆེན་རིན་པོ་ཆེའི་སློབ་མ་སློབ་བརྒྱུད་ཡོངས་རྫོགས་ལ་ཐུག་ཏུ་ཆུགས། གདན་ས་བཀྲ་ཤིས་ལྷུན་པོ་ལ་ཕེབས་ནས་སློབ་གཉེར་གནང་དུ་ཆུགས། བླ་མ་ཞིག་ལ་བླ་མའི་མཛད་པ་ཡོངས་རྫོགས་གནང་དུ་མི་འཇུག་པར་ཕྱི་ནང་གསང་གསུམ་ནས་དམ་དྲག་དང་བཀག་འགོག་བྱ་དགོས་པའི་རྒྱུ་མཚན་མེད།
བོད་རྒྱ་ཆེའི་མི་མང་གིས་སེམས་ཀྱི་གཏིང་ནས་རྒྱ་མིས་ངོས་འཛིན་ཞུས་པ་དེ་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོ་མ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ཤིན་ཏུ་ཁག་པོ་རེད། མ་འོངས་པར་ཡིན་ན་ཡང་རྒྱ་ནག་གཞུང་གིས་འདི་ལྟ་བུའི་ལས་ཀ་བྱས་པ་ཡིན་ན་ཕན་ཐོགས་དང་ལམ་འགྲོ་གཏན་ནས་ཡོང་གི་མ་རེད་ལ་བོད་རྒྱ་ཆེའི་མི་མང་གིས་ངོས་ལེན་བྱེད་པ་ཞིག་དུས་ནམ་ཡང་ཡོང་གི་མ་རེད། ཡང་སྲིད་གང་འདྲ་ཞིག་ངོས་འཛིན་ཞུ་དགོས་བྱུང་བ་ཡིན་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་གི་ལམ་སྲོལ་དང་མཐུན་པ་དང། བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འགྲོ་ལམ་ཞིག་ཡོད་པ་དེའི་ཐོག་ནས་ངོས་འཛིན་ཞུ་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དེ་རིང་གི་མཛད་སྒོ་འདིའི་ཐོག་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་ལ་ཞུ་འདོད་བྱུང།
རྒྱ་ནག་གཞུང་གིས་ཏཱ་ལའི་རུ་ཚོགས་ཀྱིས་ཁ་བྲལ་གྱི་ལས་ཀ་བྱེད་འདུག་ཅེས་རྒྱུན་དུ་བཤད་ཀྱི་ཡོད་ནའང་ཁ་བྲལ་གྱི་ལས་ཀ་གཙོ་བོ་དེ་རྒྱ་ནག་གཞུང་གིས་བྱེད་ཀྱི་འདུག། དཔེར་ན། པཎ་ཆེན་རིན་པོ་ཆེ་དང་ཁོང་གི་སློབ་མ་སློབ་བརྒྱུད་དང་བཅས་པར་ཁ་བྲལ་དུ་བཏང་ནས་བཙོན་དུ་བཅུག་པ་དེ་ཁ་བྲལ་མིན་ན་གང་ཡིན། བོད་རྒྱ་ཆེའི་མི་མང་༸རྒྱལ་བ་རིན་པོ་ཆེ་དང་མཇལ་འདོད་ཆེན་པོ་ཡོད་ཀྱང་རང་དབང་གི་ཐོག་ནས་༸རྒྱལ་བ་རིན་པོ་ཆེར་མཇལ་ཁ་ལ་བཅར་དུ་མི་འཇུག་པར་ཁ་བྲལ་དུ་གཏོང་གི་ཡོད་པ་འདི་ཁ་བྲལ་མིན་ན་གང་ཡིན། བོད་ནང་གི་བོད་མིའི་ལག་ནས་ཕྱི་རྒྱལ་ལ་འགྲོ་བྱེད་ཀྱི་ལག་འཁྱེར་ཕྱིར་བསྡུ་བྱེད་ཀྱི་ཡོད་པ་དང་གལ་སྲིད་ཕྱི་རྒྱལ་ལ་ཕྱིན་པ་ཡིན་ནའང་༸རྒྱལ་བ་རིན་པོ་ཆེ་དང་མཇལ་ན་མི་ཆོག་ཅེས་བཀག་འགོག་བྱེད་ཀྱི་ཡོད་པ་དེ་བླ་སློབ་ཁ་བྲལ་བཏང་བ་མིན་ན་གང་ཡིན། ༸རྒྱལ་བ་རིན་པོ་ཆེ་དང་བོད་རྒྱ་ཆེའི་མི་མང་གི་བར་ལ་ཁ་བྲལ་གྱི་ལས་ཀ་བྱས་པ་དེ་དོན་དངོས་སུ་བོད་རྒྱ་ཆེའི་མི་མང་དང་རྒྱ་ནག་གཞུང་གི་བར་ལ་ཁ་བྲལ་བཏང་བ་རེད།
ཁ་བྲལ་གྱི་ལས་ཀ་ངོ་མ་དེ་རྒྱ་ནག་དབུས་གཞུང་གིས་ཆེད་དུ་གཉེར་ཏེ་སྲིད་བྱུས་བཏིང་བའི་ཐོག་ནས་ཁ་བྲལ་གཏོང་བཞིན་པ་རེད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བོད་རྒྱ་ཆེའི་མི་མང་དང་ཁ་ཐུག་ཏུ་མ་བཅུག་པར་ཁ་བྲལ་གཏོང་མཁན་དེ་ཡང་རྒྱ་ནག་དབུས་གཞུང་རེད། བོད་མི་རིགས་དང་མི་རིགས་གཞན་གྱི་བར་ལ་ཡང་ཁ་བྲལ་གཏོང་གི་ཡོད། བོད་མི་རིགས་དང་བོད་ཀྱི་སྐད་ཡིག་བར་ལ་ཁ་བྲལ། བོད་མིའི་ནང་ཁུལ་ལ་དུམ་བུ་མང་པོར་བཏུབ་ནས་བོད་མི་རིགས་ནང་ཁུལ་ལ་ཁ་བྲལ། བོད་མི་རིགས་དང་བོད་མིའི་ཡུལ་གོམས་གཤིས་ལུགས་བར་ལ་ཁ་བྲལ་གཏོང་བ་སོགས་རྒྱ་ནག་དབུས་གཞུང་ནས་སྲིད་བྱུས་བཏིང་བའི་ཐོག་ནས་ཁ་བྲལ་བཏང་དང་གཏོང་བཞིན་པ་རེད། ༸རྒྱལ་བ་རིན་པོ་ཆེ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་རང་དབང་དགོས་ཞེས་གསུངས་པ་དེ་ཁ་བྲལ་བྱས་པ་ཞིག་གཏན་ནས་མིན། ཁ་བྲལ་ངོ་མ་དེ་རྒྱ་ནག་གཞུང་གིས་གཏོང་གི་ཡོད་པ་ཡིན་དུས་མ་འོངས་པར་ཁ་བྲལ་གཏོང་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འདི་རིགས་ལ་ཡོ་བསྲིང་བྱ་དགོས་པ་གལ་ཆེན་པོ་རེད། སྲིད་བྱུས་ནོར་འཁྲུལ་ཅན་དེ་ལ་ཡོ་བསྲིང་བྱས་པ་ཡིན་ན་མ་འོངས་པར་བོད་རྒྱ་ཆེའི་མི་མང་དང་རྒྱ་ནག་གཞུང་གི་བར་ལ་དོན་དམ་པའི་ཕན་ཚུན་ཡིད་ཆེས་དང་མཐུན་ལམ་ཡོང་ཐུབ་པའི་རེ་བ་ཡོད།
ད་ལྟའི་གནས་སྐབས་ལ་རྒྱ་མི་རིགས་ཤེས་ཡོན་ཅན་དང་དྲང་པོའི་བློ་ཅན་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་བོད་མི་མང་གི་ཐོག་ད་བར་ལག་བསྟར་བྱས་པའི་སྲིད་བྱུས་དེ་ནོར་འཁྲུལ་ཕྱིན་འདུག་དགོངས་དག་ཅེས་བཤད་མཁན་ཡོང་གི་ཡོད། རྒྱ་ནག་གཞུང་གིས་བོད་མི་མང་གི་ཐོག་ལ་བཟུང་བའི་སྲིད་བྱུས་འདི་ནོར་འཁྲུལ་ཅན་ལ་ནོར་འཁྲུལ་ཅན་ཞིག་ཡིན་པར་ངོ་ཤེས་པ་དང་བོད་རྒྱ་ཆེའི་མི་མང་ལ་རྒྱ་ནག་གཞུང་གིས་དགོངས་དག་ཞུ་དགོས་པའི་དུས་སྐབས་ཤིག་ཏན་ཏན་ཤར་གྱི་རེད། རྒྱ་ནག་གཞུང་གིས་ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་ལ་ཡོ་བསྲིང་གནང་དགོས་པ་དེ་གལ་ཆེན་པོ་རེད་ཅེས་དེ་རིང་གི་གོ་སྐབས་འདི་བཟུང་ནས་ཞུ་འདོད་བྱུང།
ནོར་འཁྲུལ་ཅན་གྱི་སྲིད་བྱུས་དེ་དག་ལ་འགྱུར་བ་བཏང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་ཡོད་དོ་ཅོག་བདེན་པ་བདེན་ཐུག་གི་ཐོག་ནས་མགྱོགས་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པ་དེ་གལ་ཆེན་པོ་རེད་ལ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཀྲ་ཤིས་ལྷུན་པོའི་གདན་ས་ལ་འཁོད་ཐུབ་པ་ཞིག་དང། སློབ་མ་སློབ་བརྒྱུད་དང་བཅས་པ་མགྱོགས་ནས་མྱུར་དུ་ཞལ་མཇལ་ཐུབ་པའི་རེ་འདུན་དང་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨ་ཇའི་སིངྒ་མཆོག་ (Mr Ajay Singh) ནས་གསུང་བཤད་གནང་བསྟུན་སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཀིར་རྟི་རིན་པོ་ཆེ་མཆོག་གིས་འཁྲུངས་སྐར་གྱི་མངར་ཟས་ Cake བགོ་འགྲེམས་གནང་མཚམས་ཕྱི་དྲིལ་ལས་ཁུངས་ནས་བཟོ་འདོན་ཞུས་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་བརྙན་ཐུང་གཉིས་གཟིགས་འབུལ་ཞུས་འདུག་པ་མ་ཟད།
ཉེ་ལམ་ཨིན་ཇིའི་གསར་ལས་ཁང་གྲགས་ཅན་སྦི་སྦི་སི་ BBC བརྙན་འཕྲིན་ལས་ཁང་གིས་ཆུང་སྲིད་རིན་པོ་ཆེ་མཆོག་ད་ཆ་དགུང་གྲངས་ ༣༠ བཞེས་པའི་སྐུ་པར་རི་མོའི་ལམ་ནས་ཇི་ལྟར་མཇལ་ཐུབ་པའི་སྐོར་གྱི་བརྙན་ཐུང་གཟིགས་འབུལ་ཞུས། དེ་ནས་བོད་ཀྱི་ཟློས་གར་ཚོགས་པ་ནས་རྐྱང་གཞས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ། ཞེས་པ་གཟིགས་འབུལ་ཞུས་པ་མ་ཟད། མེ་གྷན་བོད་ཁྱིམ་ཉིན་སློབ་ཀྱི་བྱིས་པ་ཕོ་མོ་ཚོས། གྲུ་འཛིན་རི་བོ། ཞེས་པ་གཟིགས་འབུལ་ཞུས་པ་དང་། ཕྱོགས་མཚུངས་བོད་ཀྱི་ཟློས་གར་ཚོགས་པ་ནས་འཁྲབ་གཞས་ས་སྐྱའི་གཞས་ཆེན་མེ་ཏོག་མཆོད་པ་ཞེས་པ་གཟིགས་འབུལ་ཞུས་གྲུབ་མཚམས་དྷ་ཤོད་བོད་ཁྱིམ་སློབ་གྲྭ་ནས་མཛེས་པའི་བསླབ་འཕྲེང་ཞེས་པ་གཟིགས་འབུལ་ཞུས། གཞས་སྣ་འཁྲབ་སྟོན་ལས་རིམ་མཐའ་མར་དྷ་སྟེང་བོད་ཁྱིམ་སློབ་གྲྭ་ནས་རྒྱལ་རབས་འཁྲབ་གཞས་སྐལ་བཟང་ལ་ཞེས་པ་གཟིགས་འབུལ་ཞུས་འདུག
དེ་ཡང་འཁྲུངས་སྐར་གྱི་མཛད་སྒོ་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་འགྲེམས་སྟོན་ཞིག་གོ་སྒྲིག་གནང་བ་དེ་སྔགས་ཆེན་རིན་པོ་ཆེ་ནས་དབུ་འབྱེད་གནང་བ་དང་། དེ་རྗེས་མང་ཚོགས་ལ་གཟིགས་འབུལ་ཞུས་འདུག་པ་བཅས།