༢༠༡༩ ཟླ་ ༤ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཕྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ ཉིན་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་ཆུང་སྲིད་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་ལ་བཞེས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་མཛད། འོན་ཀྱང་དེ་ནས་ཉིན་གསུམ་གྱི་རྗེས་ཏེ་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཁོང་བཙན་ཁྲིད་བྱས་རྗེས་ད་བར་ཁོང་དང་ཁོང་གི་ནང་མི་རྣམས་གར་སོང་ཆ་མེད་དུ་གྱུར་བ་རེད།
ཐེངས་འདིར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ International Tibet Network ཞེས་པས་ཨིན་ཡུལ་རྒྱལ་ཡོངས་ཁྲིམས་འགལ་བྱ་སྤྱོད་ཉེན་སྲུང་ལྷན་ཁང་དང་འབྲེལ་བ་གནང་ཐོག ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སུམ་ཅུར་བཞེས་པ་དང་བསྟུན། ཆུང་སྲིད་རིན་པོ་ཆེ་མཆོག་ཞལ་རས་དངོས་སུ་མཇལ་རྒྱུ་མེད་ཀྱང་ཁོང་གི་དགུང་ནའི་བབ་ཀྱི་ཆ་ནས་ཞལ་རས་ཀྱི་རྣམ་པར་འགྱུར་བ་ཇི་འདྲ་ཞིག་བྱུང་སྲིད་པ་ཚན་རིག་པའི་ཞིབ་འཇུག་ལ་གཞི་བཅོལ་ནས་རི་མོའི་སྐུ་པར་ཞིག་ཨིན་ཇིའི་གསར་འགྱུར་ལས་ཁང་གྲགས་ཅན་བྷི་བྷི་སི་ BBC གསར་ལས་ཁང་གིས་ཕྱི་ཟླ་ ༤ ཚེས་ ༢༤ ཕྱེད་ཡོལ་ཆུ་ཚོད་ ༧ ཐོག་ཡོངས་གྲགས་ཞལ་ཕྱེ་གནང་འདུག
རི་མོ་བ་སྐུ་ཞབས་ཊིམ་ཝི་ཌེན་Tim Widden ལགས་ཡིན་པ་དང་། སྤྱིར་ཁོང་ནི་མི་གར་སོང་ཆ་མེད་དུ་གྱུར་བ་དང་། ཁྲིམས་འགལ་ཉེས་ཅན་པ་འཚོལ་ཞིབ་བྱེད་སྐབས་པར་མ་ཐོབ་ཀྱང་གདོང་གི་རྣམ་པ་གཞན་གྱིས་འགྲེལ་བརྗོད་བྱས་པར་གཞིར་བཟུང་ནས་རི་མོར་བཀོད་པ་དང་། གཞན་ཡང་ཚན་རིག་གི་ལམ་ནས་ཡུལ་ལུང་སོ་སོའི་མིའི་གདོང་རིས་རིམ་བཞིན་ལོ་ནའི་བབ་དང་བསྟུན་འགྱུར་བ་ཇི་བྱུང་སོགས་རི་མོའི་ལམ་ནས་འབྲི་མཁན་ཞིག་ཡིན་འདུག དེར་བརྟེན་ཐེངས་འདིར་ཁོང་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ ལ་སོན་སྐབས་ཀྱི་སྐུ་པར་ཁོ་ན་མ་གཏོགས་གཞན་གཞི་འཛིན་ས་རྩ་བ་ནས་ཐོབ་ཐབས་བྲལ་སྟབས་དེར་གཞི་བཅོལ་ནས་བྲིས་པ་ཞིག་ཡིན་འདུག
ཆུང་སྲིད་རིན་པོ་ཆེ་མཆོག་གི་འཁྲུངས་ཡུལ་བོད་ལྷ་རི་རྫོང་གི་མིའི་གདོང་པ་ལོ་ནའི་བབ་ནས་འགྱུར་སྟངས་ཐོག་ཉམས་ཞིབ་གནང་རྗེས་བྲིས་པ་ཡིན་འདུག དེ་ཡང་ཁོང་གིས་གསུང་དོན་”ལོ་ནའི་བབ་ཀྱི་ཆ་ནས་ད་ལྟའི་གདོང་རིས་ངོ་མ་འདི་འདྲ་ཞིག་རེད་ཅེས་བརྒྱ་ཆ་བརྒྱ་ནས་བརྒྱ་ཞུ་ཚོད་ཐིག་གི་མ་རེད། འོན་ཀྱང་ཁོང་གི་སྐུ་པར་དེར་ཞལ་རས་ཀྱི་དབྱིབས་ལ་དཔྱད་ནས་དགུང་ནའི་བབ་དང་བསྟུན་ཞལ་དབྱིབས་ཇི་ལྟར་འགྱུར་བ་འགྲོ་སྲིད་པའི་ཚོད་དཔག་གང་འཚམ་ཞིག་སྐུ་པར་འདིས་བྱེད་ཐུབ། ང་རང་ལས་དོན་འདིར་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད། གར་སོང་ཆ་མེད་དུ་གྱུར་བའི་མི་ཞིག་གི་གདོང་རིས་ལོ་ནའི་བབ་ཀྱི་ཆ་ནས་མཐོང་ཚུལ་གང་འདྲ་ཡོང་སྲིད་པ་ཙམ་ཞིག་བྲིས་པ་རེད། སྤྱིར་ང་ཚོས་ཁྲིམས་འགལ་ཉེས་ཅན་པ་གར་སོང་ཆ་མེད་དུ་གྱུར་བ་རྣམས་ད་ལྟའི་དུས་སྐབས་གདོང་གི་རྣམ་པ་ཇི་འདྲ་ཞིག་ཆགས་སྲིད་པའི་ཚོད་དཔག་བྱེད་ཆེད་རི་མོ་བྲིས་ཡི་ཡོད། དེས་ཉེན་རྟོག་མི་སྣ་ཚོར་ཉེས་ཅན་པ་འཛིན་བཟུང་བྱ་རྒྱུར་ཕན་ཐོགས་ཧ་ཅང་ཡོད། “ཅེས་གསུངས།