ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་ཉིན་གྲངས་ ༩༠ ནང་ཚུད་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཨ་རིའི་གྲོས་ཚོགས་སུ་ཕྱི་ལོ་ ༢༠༡༨ ལོའི་ནང་རྒྱ་ནག་གཞུང་གིས་ཨ་རི་གཞུང་གི་སྐུ་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་བོད་ནང་བསྐྱོད་ཆོག་པའི་ཆོག་རྐྱེན་ག་ཚོད་སྤྲད་ཡོད་མེད་ཀྱི་སྙན་ཐོ་ཞིག་འབུལ་དགོས་པ་ལྟར་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༥ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་ལས་དོན་ཚན་པས་ཨ་རིའི་གྲོས་ཚོགས་ནང་ཕྱི་ལོ་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་ཡིག་དོན་ཚན་བཞི་པ་ཞེས་པའི་ཐོག་སྙན་ཐོ་ཞིག་ཕུལ་ཡོད།
སྙན་ཐོ་དེའི་ནང་འཁོད་དོན། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཕྱི་ལོ་ ༢༠༡༨ ལོར་ཨ་རི་གཞུང་གི་སྐུ་ཚབ་མི་སྣ་དང་། ལས་བྱེད། གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སྡོད་ས་ཁུལ་གཞན་ཁག་གི་ནང་བསྐྱོད་པར་བཀག་འགོག་བྱས་ཡོད་པ་རེད། རྒྱལ་སྤྱིའི་གསར་འགོད་པ་དང་། གཞུང་འབྲེལ་མི་སྣ། ལས་བྱེད། ཡུལ་སྐོར་སྤྲོ་འཆམ་པ་བཅས་ནས་བོད་ནང་བསྐྱོད་རྒྱུར་རྒྱ་ནག་དབུས་གཞུང་ལ་ཆོག་རྐྱེན་ཞུ་དགོས་པ་ལྟར་ཆོག་རྐྱེན་ཞུས་ཡོད་ཀྱང་། དུས་རྟག་ཏུ་རྒྱ་གཞུང་གིས་ཁོང་རྣམས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྐྱོད་རྒྱུའི་ཆོག་རྐྱེན་སྤྲད་མེད།
རྒྱ་གཞུང་གིས་ཨ་རི་གཞུང་གི་སྐུ་ཚབ་མི་སྣ་དང་ལས་བྱེད་ཚོ་ས་གནས་བོད་མི་ཚོ་དང་ལྷན་ཐུག་འཕྲད་དང་སྐད་ཆ་བཤད་པར་ཡང་ཡང་དམ་བསྒྲགས་བྱས་ཡོད། དེ་བཞིན་རྒྱ་གཞུང་གིས་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོ་བོད་ཀྱི་ས་ཁུལ་ཁག་ཏུ་བསྐྱོད་པར་དམ་བསྒྲགས་བྱས་ཡོད། ཕྱི་ལོ་ ༢༠༡༨ ལོའི་ནང་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་པ་མཆོག་དང་ལས་བྱེད་དགུ་ཡིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྐྱོད་ཆོག་པའི་ཆོག་རྐྱེན་རྒྱ་གཞུང་ལ་ཞུས་ཡོད་ཀྱང་། ཁོང་ཚོ་ཁྲོད་ནས་ཨ་རིའི་གཞུང་ཚབ་པ་མཆོག་ཐེས་པའི་ལས་བྱེད་མི་གྲངས་ལྔ་ལ་བོད་རང་སྐྱོང་ལྗོངས་ལ་བསྐྱོད་རྒྱུའི་ཆོག་རྐྱེན་སྤྲད་མེད་པ་རེད། ཅེས་སོགས་འཁོད་ཡོད། །