༢༠༡༩ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བའི་ཉིན་དགུང་ཆུ་ཚོད་ ༡༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པྲཱག་ Prague ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་དང་། ཁུལ་དེར་གཞུང་འབྲེལ་ལས་དོན་རྣམས་ཡོངས་སུ་ལེགས་གྲུབ་རྗེས་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྡ་སར་ཕེབས་འབྱོར་གནང་གཏན་འཁེལ་འདུག དེ་ཡང་ཐེངས་འདིར་སྲིད་སྐྱོང་མཆོག་རྒྱལ་ས་པྲཱག་ནང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གློག་བརྙན་དུས་སྟོན་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་རྒྱུ་མ་ཟད། གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ལྷན་ཞུགས་གནང་རྒྱུ་དང་། ཁུལ་དེར་མཐོ་སློབ་ནང་གསུང་བཤད་གནང་རྒྱུ་བཅས་ཡིན་འདུག