༢༠༡༩ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྲཱག་ནང་ཡུལ་དེའི་གཞུང་མང་གཉིས་ལ་ཐུགས་རྗེ་ཞུའི་མཛད་སྒོའི་“Thank You, Czech Republic” ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་འདུག
དེ་ཡང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཧ་ཅང་ཉེ་པོ་ཡོད་མཁན་སྲིད་འཛིན་ཟུར་པ་སྐུ་ཞབས་ཝས་ལབ་ཧ་ཝེལ་དམ་པ་དེ་ཉིད་ཀྱི་དྲན་རྟེན་དཔེ་མཛོད་ཁང་ Vaclav Havel Library དུ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་གཞུང་མང་གཉིས་ནས་བོད་མིའི་རང་དབང་དང་། འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་ནི་རིན་ཐང་བྲལ་བ་ཞིག་ཡིན་པ་དང་། དེ་སྔའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཧ་ཝེལ་དམ་པ་མཆོག་གིས་ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༤ ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་གཞུང་འབྲེལ་གདན་ཞུའི་གསོལ་འདེབས་ཞུས་པ་དེ་ནི་ཆེས་ཐོག་མ་ཞིག་ཆགས་ཡོད་པ་མ་ཟད། དེ་རྗེས་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷུ་ཤི་ George Bush མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ནང་གདན་འདྲེན་ཞུས་སྐོར་གསུངས།
མཛད་སྒོའི་ཐོག་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་། ༢༠༠༠ ཞི་བདེའི་གླེང་སྟེགས་ཚོགས་ཆུང་གི་འགན་འཛིན། ཉམ་ཐག་རོགས་རམ་ཚོགས་པའི་འགན་འཛིན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གཙོས་གཞུང་འབྲེལ་མིན་པའི་ཚོགས་པ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་མཛད་སྒོར་མཉམ་ཞུགས་གནང་འདུག
གཞན་ཡང་མཛད་སྒོའི་ཐོག་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་དང་། བདེ་སྲུང་ཚན་པའི་ཚོགས་གཙོ་སྐུ་ཞབས་པ་ཝེལ་ཕིཤར་ Pavel Fischer མཆོག་གིས་བོད་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་གསུང་པ་མ་ཟད། སྲིད་སྐྱོང་མཆོག་གི་ལས་དོན་གནང་ཕྱོགས་དེས་བློ་སྤོབས་སྐྱེ་གཞིར་གྱུར་ཡོད་སྐོར་གསུངས།
ན་ནིང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་གྲངས་འབོར་ ༥༠ ཡོད་པ་ཞིག་གསར་འཛུགས་གནང་ཡོད། དེའི་ནང་གྲོས་ཚོགས་གོང་འོག་གཉིས་ཀའི་གྲོས་ཚོགས་འཐུས་མི་ཡོད་ཅིང་། ད་བར་ཡུ་རོབ་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཆགས་ཡོད།
སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག་ཡུལ་དེའི་གྲོས་ཚོགས་ནང་ཡུ་རོབ་ཁུལ་གྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཆེ་ཤོས་བཙུགས་ཐུབ་པ་མ་ཟད། མང་ཚོགས་ཁྲོད་དུའང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཡིན་པར་བསྔགས་བརྗོད་རྒྱ་ཆེ་གནང་འདུག
དེ་སྔ་ཡུལ་དེའི་ནང་དམར་ཤོག་དབང་སྒྱུར་ལ་གསར་བརྗེའི་ Velvet Revolution གྱེན་ལོག་བྱས་པ་དེས་བོད་མི་རྣམས་ལ་སྙིང་སྟོབས་འཕེལ་གཞིར་གྱུར་ཚུལ་དང་། རྒྱལ་ཁབ་ཆུང་ཆུང་ཞིག་ལ་མཚོན་ན་རང་དབང་དང་མང་གཙོའི་རྒྱལ་ཁ་དེ་འདྲ་ཞིག་ཐོབ་པ་དེ་ནི་བོད་མིར་མཚོན་ན་བློ་སྟོབས་འཕེལ་གཞི་ཞིག་ཡིན། ཞེས་གསུངས།
དེ་ཡང་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་རིགས་མཐུན་ཚོགས་པ་ People in Need དང་། དེ་བཞིན་འཛམ་གླིང་གཅིག་ One World ཞེས་པའི་ཚོགས་པ་དང་། ཝས་ལབ་ཧ་ཝེལ་དཔེ་མཛོད་ཁང་ Vaclav Havel Library དང་། ཞི་བདེའི་གླེང་སྟེགས་ ༢༠༠༠ Forum 2000 བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག །