ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།
དེ་ཡང་འདི་ག་སྦེང་ལོར་གྲོང་ཁྱེར་གནས་སྡོད་གཙོ་བོ་སློབ་ཕྲུག་དང༌། དེ་མིན་ཚོང་པ་འདྲ་མིན་བཅས་ཁྱོན་མི་གྲངས་ ༣༠༠ ལྷག་ཙམ་བོད་ཁྱིམ་ཚོགས་ཁང་ནང་སྔར་དྲོ་ཆུ་ཚོད་ ༩།༣༠ ཐོག་འདུ་འཛོམས་ཀྱིས་ཧིན་བོད་གཉིས་ཀྱི་རྒྱལ་གླུ་དང་གསུམ་བཅུའི་དྲན་གླུ་བཅས་བོད་ཁྱིམ་མཐོ་སློབ་སློབ་མ་རྣམས་ནས་འུར་འདོན་བྱས།
དེ་ནས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་དུས་དྲན་ངོ་སྤྲོད་དང་སྦྲགས་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང༌། དེའི་རྗེས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་ཐོས་བསམ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང༌།
སྐུ་མགྲོན་གཙོ་བོ་སྦེང་ལོར་གྲོང་ཁྱེར་གྱི་ཀར་ན་ཀྲ་ཀ་མངའ་སྡེ་གྲོས་ཚོགས་འཐུས་མི་ Shri. Nalapad Ahmed Harris, Hon’ble MLA མཆོག་གདན་ཞུས་ཀྱིས་ཁོང་གི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན་དུ། རྒྱ་གར་དབུས་གཞུང་གི་སྲིད་བློན་དམ་པ་དང་པོ་ Shri. Pandit Jawahalal Nehru མཆོག་གིས་ཇི་ལྟར་བོད་མི་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་མཐུན་རྐྱེན་དང་རྒྱབ་སྐྱོར་གནང་པ་དེ་ལྟར་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་ནས་ཀྱང་དེ་བཞིན་བོད་མི་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེ་ཡོད་བཅས་གསུང༌།
དེ་ནས་གཞན་ཡང་དམིགས་བསལ་སྐུ་མགྲོན་མངའ་གཞུང་བློན་ཆེན་ཟུར་པ་ Dr Ramachandra Gowda མཆོག་དང་། སྦེང་ལོར་གཅུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིགས་བདག་ཟུར་པ་ Prof. Jagadesh Prakash མཆོག རྒྱ་གར་སྤྱི་ཚོགས་རིག་གནས་ལྟེ་གནས་ཁང་གི་ངེས་སྟོན་པ་ Dr. Selvaraj Arulnathan S.J. མཆོག རྒྱལ་སྤྱིའི་ཤེས་ཡོན་དང་འཛིན་སྐྱོང་མཐོ་སློབ་ཀྱི་སློབ་སྤྱི་ Shri H.S. Rao བཅས་སྐུ་མགྲོན་གདན་ཞུས་ཀྱིས་ཁོང་རྣམ་པའི་སྤྱི་ཡོངས་ཀྱི་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་གཏམ་བཤད་གནང༌།
མཐར་བོད་ཁྱིམ་སྡོད་ཁང་གི་འགན་འཛིན་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཞུའི་གསུང་བཤད་གནང་རྗེས་མཐོ་སློབ་ཀྱི་སློབ་ཕྲུག་དང་མི་མང་རྣམས་ནས་བདེན་ཚིག་སྨོན་ལམ་འདོན་ནས་གཞུང་འབྲེལ་གྱི་དུས་དྲན་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས། །