༢༠༡༩ ཟླ་ ༣ ཚེས་ ༡༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོ་གླིང་ཆེན་ཨབ་ཕི་རི་ཀའི་བྷོཌ་སྭ་ནའི་ Botswana ཡུལ་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨིཡན་ཀ་མ་Mr. Ian Khama མཆོག་གིས་བཞུགས་སྒར་༸རྒྱལ་བའི་གཟིམ་ཆུང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་འཛིན་ཟུར་པ་མཆོག་ལ་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་མཛད་དོན། སྐུ་ཉིད་དེ་སྔ་བྷོཌ་སྭ་ནའི་ཡུལ་གྱི་སྲིད་འཛིན་ཡིན་སྐབས་ངོས་ལ་མགྲོན་ཤོག་ཕུལ་གནང་བ་རེད། སྐབས་དེར་ངོས་རང་ལ་དགའ་ཚོར་དཔག་མེད་སྐྱེས་བྱུང་། གང་ཡིན་བརྗོད་ན་ངོས་ཀྱིས་དུས་རྟག་ཏུ་གླིང་ཆེན་ཨབ་རི་ཀ་དེ་བཞིན་གླིང་ཆེན་ཁྱད་པར་དུ་འཕགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ནུས་པ་ཧ་ཅང་ལྡན་པ་ཞིག་ཀྱང་རེད། དེར་བརྟེན་ངོས་ལ་མགྲོན་ཤོག་འབྱོར་སྐབས་དགའ་ཚོར་ཧ་ཅང་སྐྱེས་བྱུང་། འོན་ཀྱང་ས་ཐག་རིང་བ་དང་གནམ་གྲུའི་ནང་དུས་ཡུན་ཧ་ཅང་རིང་པོར་འགྲུལ་བཞུད་བྱེད་དགོས་པ་རེད། འདས་པའི་ལོ་ངོ་གཉིས་གསུམ་རིང་ནས་ད་བར་ཨ་མི་རི་ཀར་ཁྱོན་ནས་ཕྱིན་མེད། ཧ་ཅང་ས་ཐག་རིང་པོ་རེད། ཕྱོགས་མཚུངས་ཡོ་རོབ་ཁུལ་དུའང་འགྲོ་རྒྱུ་དཀའ་ལས་ཁག་པོ་འདུག ཅེས་བཀའ་སློབ་སྩལ།
སྐབས་དེར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྲིད་འཛིན་ཟུར་པ་ཁོང་ཐེངས་འདིར་རྡ་སར་ཕེབས་རྒྱུར་བྷོཌ་སྭ་ནའི་སྲིད་འཛིན་མཆོག་གི་གཞུང་ཚབ་ནས་ཀྱང་འདོད་བབ་རྩ་བ་ནས་མ་གནང་བ་དང་། ལྷག་པར་དེ་སྔའི་སྲིད་འཛིན་ཟུར་པ་ཡིན་པའི་ཆ་ནས་སྐུ་སྒེར་བདེ་འཇག་གི་གནས་སྟངས་ཐོག་འགན་ཁུར་ཆ་ཚང་ཁོང་རང་ཉིད་ཀྱིས་འཁེར་ནས་བཞུགས་སྒར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྒྱུར་ཐུགས་འདོད་ཧ་ཅང་གནང་ཡོད་སྐོར་ལྷ་སྙན་སྒྲོན་འབུལ་ཞུས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་གྱིས་ཐུགས་རྗེ་ཆེ་ཞེས་བཀའ་སྩལ། སྐབས་དེར་སྲིད་འཛིན་ཟུར་པ་མཆོག་གིས་མགོན་པོ་གང་ཉིད་ལ་ཞུ་དོན། ལོ་གཉིས་གོང་ང་ཚོས་སྐུ་ཉིད་མཆོག་བྷོཌསྭ་ནར་ཆིབས་སྒྱུར་བསྐྱང་ཐུབ་རྒྱུར་རེ་བ་ཧ་ཅང་ཞུས་པ་ཡིན། འོན་ཀྱང་ས་ཐག་རིང་ཞིང་གནམ་གྲུའི་ནང་དུས་ཡུན་རིང་པོའི་བར་འགྲོ་དགོས་པ་གང་དུ་བཀའ་སྩལ་བ་ལྟར་རེད། དེར་བརྟེན་སྐུ་ཉིད་མཆོག་ཆིབས་སྒྱུར་བསྐྱང་མ་ཐུབ་པ་རེད།
ངའི་ལུང་པའི་མི་མང་པོ་ཞིག་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འཚམས་འདྲི་ཞུ་རོགས་ཞེས་ཟེར་བྱུང་། དེར་བརྟེན་ཁོང་ཚོའི་ཚབ་ཞུས་ནས་ངས་སྐུ་ཉིད་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཁོང་ཚོ་ཚང་མར་ཁྱེད་ཀྱི་བཀའ་སློབ་ལམ་སྟོན་དེས་སེམས་འགུལ་ཧ་ཅང་ཐེབས་འདུག དེར་བརྟེན་ང་རང་འདིར་མགྲོན་འབོད་གནང་བ་ལྟར་བཅར་དགོས་པ་ཧ་ཅང་གལ་ཆེན་པོ་ཞིག་མཐོང་བྱུང་། དེར་བརྟེན་ངས་འདིར་བཅར་ཐུབ་ཆེད་ཐབས་ཤེས་ཡོད་རྒུ་སྩལ་སྤྲུག་བྱས་པ་ཡིན། ཞེས་སོགས་ཞུས།
མཇལ་འཕྲད་གྲུབ་མཚམས་སྲིད་འཛིན་ཟུར་པ་མཆོག་བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ སྲུང་བརྩིའི་མཛད་སྒོར་བཅར་བ་མ་ཟད། མཛད་སྒོ་ལེགས་པར་གྲུབ་བསྟུན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་ཉིན་གུང་ལྗགས་སྨིན་ལྷན་བཞེས་མཛད་འདུག་པ་ཅས།།