ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགོ་ཁྲིད་ཀྱི་ཁྱད་ཆོས་དང་ལས་འགན་སོགས་ཀྱི་ཐོག་ལྗགས་རྩོམ་མཛད་པའི་ཆེད་རྩོམ་ཞིག་རྒྱལ་སྤྱིའི་ཚོང་དོན་གསར་འགྱུར་དུས་དེབ་གྲགས་ཅན་ Harvard Business Review ནང་ཕྱི་ཟླ་ ༢ ཚེས་ ༢༠ ཉིན་འདོན་སྤེལ་ཞུས་འདུག་པའི་ནང་འཁོད་དོན།
འགོ་ཁྲིད་ཟེར་བ་ནི་དྲན་ཤེས་ལྡན་ལ་བྱམས་བརྩེས་རྒྱུད་རླན་ཞིང་། རང་གཅེས་འཛིན་གྱི་བློ་མེད་པ་ཞིག་དགོས།
འདས་པའི་ལོ་ངོ་ ༦༠ ཙམ་གྱི་རིང་ངོས་ཀྱིས་སྲིད་གཞུང་དང་ཚོང་གི་སྒྲིག་འཛུགས་ཀྱིས་གཙོས་ཚོགས་སྡེ་ཁག་མང་པོ་ཞིག་གི་འགོ་ཁྲིད་དང་འབྲེལ་བ་བྱས་པའི་ལག་རྗེས་སུ་ང་ཚོའི་སྤྱི་ཚོགས་ཀྱི་འགྱུར་བགྲོས་དང་འཕེལ་རིམ་ཐོག་དོ་སྣང་ཞིག་སླེབས་པ་རེད། དེར་གཞིགས་པའི་རང་གིས་ཉམས་མྱོང་ཇི་བསགས་སྐོར་གཞན་ལ་ཕན་པའི་ཀུན་སློང་བཅངས་ནས་འདིར་བརྗོད་རྒྱུ་བྱུང་བར་དགའ་པོ་བྱུང་།
ལས་རིགས་ཇི་འདྲ་ཞིག་གི་འགོ་ཁྲིད་ཡིན་རུང་འགོ་ཁྲིད་ཀྱི་ལས་དོན་བྱེད་ཕྱོགས་དེའི་ཤུགས་རྐྱེན་དེ་དམངས་ཀྱི་མི་ཚེ་དང་འཛམ་གླིང་གི་འཕེལ་རིམ་ཐོག་ཤུགས་རྐྱེན་ཆེན་པོ་འཐེབ་བཞིན་ཡོད། ངོ་ཚོ་འཇིག་རྟེན་འདིའི་ནང་ཡུན་རིང་ན་ལོ་ ༩༠ ནས་ ༡༠༠ ལས་འཚོ་རྒྱུ་མེད་སྟབས་ལྟ་སྐོར་དུ་སླེབས་ཡོད་བསམ་པ་དྲན་དགོས། ཇི་སྲིད་འཚོ་བའི་རིང་དེར་འཛམ་གླིང་སྔར་བས་ཇེ་བཟང་ཞིག་བསྐྲུན་ཐབས་ཆེད་འབད་བརྩོན་བྱེད་དགོས།
དེ་ལྟ་བུའི་འཛམ་གླིང་ཇེ་བཟང་གི་རྣམ་པ་དེ་ཇི་འདྲ་ཞིག་དགོས་ཟེར་ན། ངོས་ཀྱི་བསམ་པར་དེའི་ལན་ནི་ཧ་ཅང་གསལ་པོ་རེད། འཛམ་གླིང་ཇེ་བཟང་བརྗོད་སྐབས་མི་རྣམས་སྔར་བས་བདེ་ཞིང་སྐྱིད་པ་ཞིག་དགོས། དེའི་རྒྱུ་མཚན་གང་ཡིན་བརྗོད་ན། འགྲོ་བ་མི་ཚང་མས་བདེ་བ་འདོད་པ་ལས་སྡུག་བསྔལ་འདོད་མཁན་སུ་གཅིག་ཀྱང་མེད། ང་ཚོའི་དབར་མཚུངས་ཆོས་གཅིག་ནི་ཚང་མས་བདེ་བ་འདོད་པ་དེ་རེད།
འོན་ཀྱང་ད་ཆ་འཛམ་གླིང་ནང་མིའི་སེམས་ཚོར་དང་འབྲེལ་བའི་དཀའ་ངལ་འཕྲད་བཞིན་ཡོད། སེམས་ངལ་དང་སེམས་སྡུག་གི་དཀའ་ངལ་དེ་སྔ་དང་མི་འདྲ་བར་ཆེ་རུ་ཕྱིན་ཡོད། དབུལ་ཕྱུག་བར་ཁྱད་དང་། འཛིན་སྐྱོང་འགན་འཛིན་ CEO དང་གཤམ་འོག་ལས་བྱེད་དབར་གྱི་བར་ཁྱད་དེ་དག་ཀྱང་སྔར་མ་གྲགས་པ་ཞིག་རེད། དེ་ནི་མི་དང་ཁོར་ཡུག སྤྱི་ཚོགས་ཀྱི་བདེ་དོན་ཡལ་བར་དོར་ནས་ཚོང་ཁེ་ཁོ་ནར་གཙིགས་ཆེར་འཛིན་བཞིན་པར་བརྟེན་ནས་བྱུང་བ་རེད།
ང་ཚོ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་གནས་སྟངས་དེ་མ་ཤེས་པར་བརྟེན། ང་ཚོ་དང་ཁོ་པ་ཚོ་ཟེར་བའི་ལྟ་ཚུལ་དེ་ཡོང་གི་ཡོད། ང་ཚོ་ཚང་མ་གོ་ལའི་དཔལ་འབྱོར་ལམ་ལུགས་མཉམ་སྤྱོད་བྱེད་མཁན་མཚུངས་པར་བརྟེན་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པ་དང་། ལར་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་ཤུགས་རྐྱེན་ཚང་མར་འཐེབ་བཞིན་ཡོད་པ་མཚུངས་པ་རེད། ལྷག་པར་འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་མི་གཅིག་གྱུར་རེད།
བུང་བ་ཚོར་ལྟོས་དང་། དེ་དག་ལ་རྩ་ཁྲིམས་མེད། ཉེན་རྟོག་པ་མེད། བཟང་སྤྱོད་ཀྱི་སྦྱོང་བརྡར་ཡང་མེད། འོན་ཀྱང་རང་ཉིད་འཚོ་བར་སྤྱི་ཚོགས་ལ་བརྟེན་དགོས་སྟབས་མཉམ་རུབ་ཐོག་ནས་འཚོ་སྡོད་བྱེད་ཀྱི་ཡོད། སྐབས་རེ་འཁྲུག་རྩོད་ཡོང་གི་ཡོད། བུང་བའི་ཚོགས་པ་འཚོ་གནས་ཐུབ་རྒྱུར་ཕན་ཚུན་མཉམ་རུབ་དང་མཉམ་འབྲེལ་གྱི་ནུས་པར་རག་ལུས་ཡོད། ཕྱོགས་གཞན་ནས་འགྲོ་བ་མི་ལ་རྩ་ཁྲིམས་ཀྱིས་གཙོས་ཁྲིམས་ལུགས་རིག་པ་མགོ་རྙོག་ཅན་མང་དག་ཅིག་ཡོད། ཉེན་རྟོག་པའང་ཡོད། ང་ཚོ་མིར་ཕུལ་བྱུང་གི་རྣམ་དཔྱོད་དང་གཞན་ལ་བྱམས་བརྩེ་སྤེལ་ཐུབ་པའི་ནུས་པ་ཡོད། ང་ཚོར་ཁྱད་དུ་འཕགས་པའི་ཡོན་ཏན་དེ་ལྟ་བུ་ཡོད་བཞིན་དུ་མི་ཕན་ཚུན་མཐུན་འབྲེལ་དེ་ཙམ་བྱེད་མ་ཐུབ་པའི་རྣམ་པ་ཞིག་འདུག
ཚོགས་པ་ཞིག་ནང་ལ་ལས་ཀ་བྱེད་སྐབས་ཉིན་ལྟར་མཉམ་རུབ་ཐོག་ནས་བྱེད་ཀྱི་ཡོད། ལས་ཀ་མཉམ་རུབ་བྱས་ཀྱང་མི་མང་པོ་ཞིག་ལ་གྲོགས་མེད་ཁེར་རྐྱང་ལུས་པའི་ཚོར་བ་དང་། སེམས་ངལ་གྱིས་མནར་བ་དེ་འདྲ་མང་པོ་ཞིག་ཡོང་གི་ཡོད། སྤྱིར་ང་ཚོ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཤིག་ཡིན། འོན་ཀྱང་ཕན་ཚུན་གྱི་བདེ་དོན་ལ་བསམ་ཤེས་དང་བརྩི་བཀུར་བྱ་རྒྱུའི་བསམ་བློ་དེ་འདང་ངེས་ཤིག་མེད་པ་རེད། དེ་ལྟར་ནོར་འཁྲུལ་གང་དུ་ཤོར་མིན་རང་གིས་རང་ལ་དྲི་བ་གཏོང་དགོས།
ཕྱི་དངོས་པོའི་ཡར་རྒྱས་དང་དཔལ་འབྱོར་གསོག་སྒྲུབ་ཀྱི་བསམ་བློ་ཤུགས་ཆེ་དྲགས་སྟབས། བྱམས་པ་དང་བརྩེ་བ་སོགས་གཞི་རྩའི་མིར་དགོས་མཁོ་ཡོད་པའི་ཚོར་བ་དེ་དག་ལ་སྣང་ཆུང་དང་། ཁྱད་གསོད་བྱེད་བཞིན་ཡོད་པ་ངོས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད། སྤྱི་སྒེར་སུ་འདྲ་ཞིག་ཡིན་རུང་ཕུགས་རྒྱང་རིང་པོར་ཁེ་ཕན་དགོས་ན་གཞན་གྱི་བདེ་དོན་ལ་བསམ་བློ་མང་ཙམ་གཏོང་དགོས།
འགོ་ཁྲིད་ཚོས་བྱེད་ཐུབ་པ་གང་ཡོད།
དྲན་ཤེས་རྟེན་དགོས།
སེམས་ནང་ཞི་བདེ་སྐྲུན་དགོས། འགྲོ་བ་མི་ཡིན་པའི་ཆ་ནས་ང་ཚོར་ཕུལ་བྱུང་གི་རྣམ་དཔྱོད་ཡོད། དེ་ལ་བརྟེན་ནས་དཔྱད་པ་བྱེད་ཐུབ་པ་དང་། འབྱུང་འགྱུར་གྱི་འཆར་གཞི་སོགས་སྔོན་ཚུད་ནས་གཏན་འབེབས་ཐུབ་པ་རེད། གཞན་དང་འབྲེལ་བ་བྱེད་སྐབས་གོ་བརྡ་སྤྲོད་བྱེད་ཀྱི་སྐད་ཡིག་ང་ཚོ་མི་ལ་ཡོད། འོན་ཀྱང་ཁོང་ཁྲོ་དང་འདོད་ཆགས་སོགས་ཉོན་མོངས་པའི་བློ་དེ་དག་གིས་ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་བསྒྲིབས་པར་བྱས་སྟབས་ཉོན་མོངས་པའི་བློ་དེ་དག་ལ་ང་ཚོས་གཉེན་པོ་བསྟེན་དགོས།
འཇིགས་སྣང་དང་སེམས་འཁྲལ་གྱིས་ཁོང་ཁྲོ་དང་འཚེ་བའི་རྒྱུ་བྱས། འཇིགས་སྣང་གི་མི་མཐུན་པའི་བློ་ནི་ཡིད་ཆེས་རེད། ཡིད་ཆེས་ཡོང་བར་བྱམས་བརྩེའི་བསམ་བློར་རག་ལུས། བྱམས་བརྩེའི་བློ་ཡོད་ན་སེམས་ལ་སྤོབས་པ་སླེབ་རྒྱུ་རེད། བྱམས་བརྩེས་ཞེ་སྣང་ཆུང་དུ་གཏོང་ཐུབ། བྱམས་བརྩེའི་བསམ་པས་གཞན་གྱི་བདེ་དོན་ལ་དམིགས་པར་བརྟེན་ཡིན། དངུལ་དང་སྟོབས་ཤུགས་ཀྱིས་དོན་དམ་གྱི་གྲོགས་པོ་ཡོང་མ་ཐུབ། ང་ཚོ་ཁོང་ཁྲོ་དང་ཆགས་སྡང་གི་གཞན་དབང་དུ་ཚུད་སྐབས་དངོས་ཡོད་གནས་སྟངས་ལ་ཕྱོགས་ཡོངས་ནས་བལྟ་ཐུབ་རྒྱུའི་ནུས་པ་དེ་ཉམས་འགྲོ་བ་རེད། སེམས་ནང་བྱམས་བརྩེ་ཡོད་ཚེ་སེམས་དེ་མ་འཁྲུག་པར་ཞི་བདེའི་ངང་གནས་ཐུབ། དེར་བརྟེན་བསམ་བློ་ཞི་བདེ་བག་ཕེབས་ཡོད་ཚེ་རྒྱུ་མཚན་གྱི་ལམ་ནས་གནས་ལུགས་ལ་དཔྱད་པ་བྱེད་ཐུབ།
རང་གཅེས་འཛིན་གྱི་བློ་དོར་དགོས།
རང་གཅེས་འཛིན་གྱི་བློ་དེ་ངང་གིས་སྐྱེ་ཞིང་། གསོན་པོར་འཚོ་རྒྱུར་དགོས་མཁོ་ཅན་ཞིག་ཡིན། འོན་ཀྱང་ང་ཚོས་རྣམ་དཔྱོད་ལྡན་པའི་རང་གཅེས་འཛིན་བྱེད་དགོས། དེ་འདྲ་ཡོང་བར་རང་ཉིད་ཙམ་མིན་པར་གཞན་གྱི་བདེ་དོན་ལའང་བསམ་བློ་གཏོང་དགོས། གྲོགས་པོ་ཆགས་ན་མཐུན་འབྲེལ་ཡོང་། གྲོགས་པོ་ཆགས་པར་ཡིད་ཆེས་དགོས། ཡིད་ཆེས་ནི་བྱམས་བརྩེ་ལས་བྱུང་། གཞན་གྱི་བདེ་སྡུག་ལ་དོན་དམ་སེམས་ཁུར་བྱས་ཐུབ་ཚེ་གཞན་ལ་ཐུབ་ཚོད་བཏང་བ་དང་། མགོ་སྐོར་བསླུ་བྲིད། བཤུ་གཞོག་བཏང་བ་སོགས་རྩ་བ་ནས་བྱེད་ཀྱི་མ་རེད། དེ་ལས་ལྡོག་སྟེ་དྲང་པོ་དྲང་གཞག་དང་། ཕྱི་གསལ་ནང་གསལ་བྱས་ཐུབ།
བྱམས་བརྩེའི་བསམ་པ་ལྡན་དགོས་པ།
བདེ་སྐྱིད་ཀྱི་རྩ་བ་བྱམས་བརྩེ་ཡིན། དུད་འགྲོ་ཚུན་ཆད་ལའང་བྱམས་བརྩེ་ཡོད། ཤེས་རབ་ཀྱི་གྲོགས་དང་བཅས་པའི་བྱམས་བརྩེ་མི་ལ་ཡོང་ཐུབ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་མིས་བྱམས་བརྩེའི་བློ་དེ་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོངས་རྫོགས་ལ་ཁྱབ་པ་བྱེད་ཐུབ། ཉོན་མོངས་པའི་བློ་དེ་དག་རྨོངས་པའི་དབང་གི་བྱུང་བ་རེད། བྱམས་བརྩེའི་བློ་དེ་དག་མཐུན་པའི་བློ་ཡིན་སྟབས་ཤེས་རབ་དང་འབྲེལ་བ་ཡོད། དེར་བརྟེན་བྱམས་བརྩེའི་བློ་དེ་དག་གོམས་པ་ལ་བརྟེན་ནས་གོང་ནས་གོང་དུ་འཕེལ་བར་བྱེད་ཐུབ།
མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་རྒྱུ་དེ་ང་ཚོའི་བརྒྱུད་ལ་ཡོད། འཛམ་གླིང་ས་ཕྱོགས་མང་པོར་རྙོག་གྲ་བཟོ་མཁན་ཕལ་མོ་ཆེ་ཤེས་ཡོན་ཧ་ཅང་ཡོད་མཁན་ཚོ་རེད། དེར་བརྟེན་ཤེས་ཡོན་གཅིག་པུས་འདང་གི་མེད། ནང་གི་རིན་ཐང་ལ་དོ་སྣང་མང་ཙམ་སྤྲོད་དགོས།
འཚེ་བའི་ལས་ཡིན་མིན་གཙོ་བོ་ཀུན་སློང་ལ་རག་ལུས་པ་མ་གཏོགས་ལུས་ངག་གི་རྣམ་འགྱུར་གཙོ་བོ་མ་རེད། ལས་གང་ཞིག་འདོད་ཆགས་དང་ཞེ་སྡང་གིས་ཀུན་ནས་བླངས་པ་ཡིན་ན་འཚེ་བའི་ལས་ཆགས་རྒྱུའི་ཉེན་ཁ་ཧ་ཅང་ཡོད། བྱམས་བརྩེ་དང་གཞན་དོན་གྱི་བསམ་པས་ཀུན་ནས་བླངས་པ་ཞིག་ཡིན་ན། ལས་དེ་འཚེ་མེད་ཞི་བའི་ལས་ཤིག་ཕལ་ཆེར་ཆགས་རྒྱུ་རེད། ང་ཚོས་སྨོན་ལམ་བརྒྱབ་པ་ཙམ་གྱིས་འཛམ་གླིང་ཞི་བདེ་སྐྲུན་མི་ཐུབ། བྱམས་བརྩེ་དཀྲུག་མཁན་འཚེ་བ་དང་ལྐོག་ཟ་རུལ་སུངས་མེད་པར་བཟོ་དགོས། འབད་བརྩོན་མ་བྱས་ན་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུའི་རེ་བ་གང་ཡང་མེད།
ཉེན་ཁ་གང་ཡང་མེད་པར་སེམས་ལྷོད་ཤིག་ཤིག་སྡོད་རྒྱུ་དེའང་ཞི་བདེའི་དོན་རེད། གཙོ་བོ་བསམ་བློ་གཏོང་སྟངས་ལ་རག་ལུས་པ་རེད། མཐར་གཏུགས་ན་སེམས་ལ་ཞི་བདེ་ཡོད་མེད་ཟེར་བ་དེ་ང་ཚོའི་བརྒྱུད་ལ་རག་ལུས་པ་རེད། གཞན་ལ་བྱམས་བརྩེའི་བློ་སྐྱེས་པ་དང་། བྱམས་བརྩེའི་བློ་དེའང་ཤེས་རབ་ཀྱིས་གྲོགས་དང་བཅས་པ་ཞིག་དགོས། བྱམས་པ་དང་བརྩེ་བ་དེ་དག་ང་ཚོ་གསོན་པོར་གནས་ཐུབ་ཆེད་དགོས་མཁོ་ཡོད་པའི་ཆོས་ཤིག་ཡིན་ཡང་མི་ཚོས་དོ་སྣང་བྱེད་ཀྱི་མེད།
ནང་པའི་གཞུང་ནས་སེམས་བསྐྱེད་སྟངས་ལ་རྒྱལ་པོ་ལྟ་བུ་དང་། མཉན་པ་ལྟ་བུ། ཕྱུགས་རྫི་ལྟ་བུ་བཅས་གསུམ་གསུང་ཡོད། རྒྱལ་པོ་ལྟ་བུའི་སེམས་བསྐྱེད་སྟངས་དེས་རང་ཉིད་མདུན་ནས་སྣེ་ཁྲིད་དེ་འགྲོ་བ་འདྲེན་པར་མཛད་པ་དང་། མཉན་པ་ལྟ་བུས་རང་ཉིད་སེམས་ཅན་དང་ལྷན་དུ་འགྲོགས་ནས་འགྲོ་བ་འདྲེན་ཞིང་། ཕྱུགས་རྫི་ལྟ་བུས་ཕྱུགས་རྣམས་སྔོན་ལ་དེད་ནས་མཐར་རང་ཉིད་ཐར་ཐབས་བྱས་པ་རེད། ཐབས་ལམ་དེ་གསུམ་མི་འདྲ་ཡང་གཞན་དོན་གྱི་བསམ་པས་བརྩིས་ཟིན་པ་ཡིན་པ་གཅིག་མཚུངས་ཡིན། ཞེས་འཁོད། །