ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ ཉིན་ནིའུ་ཛི་ལེན་ཌི་ཡུལ་གྱི་ཁ་ར་ཡི་སི་ཅརཆ་ Christchurch གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཁ་ཆེའི་ལྷ་ཁང་ཞིག་ཏུ་འཇིགས་སྐུལ་དྲག་སྤྱོད་པས་མེ་མདའ་བརྒྱབ་སྟེ་མི་གྲངས་ ༥༠ རྐྱེན་ལམ་དུ་བཏང་བ་མ་ཟད། མི་གྲངས་ ༥༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༡ ཉིན་ནེའུ་ཛི་ལན་ཌིའི་སྲིད་བློན་ལྕམ་སྐུ་ཇེ་སིན་ཌ་ཨར་ཌེན་ Rt. Hon. Jacinda Ardern མཆོག་བརྒྱུད་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
“རྐྱེན་ངན་བྱུང་མ་ཐག་སྐུ་ཉིད་ནས་ཐུགས་ཚོར་ཆེན་པོས་འདས་པོ་རྣམས་ནིའུ་ཛི་ལེན་ཌི་ཁྱིམ་ཚང་གཅིག་གི་ནང་མི་ཡིན་པ་གསལ་འདོན་གནང་བ་ནི་སྙིང་སྟོབས་དང་རྣམ་དཔྱོད་ལྡན་པའི་དབུ་ཁྲིད་ཞིག་གི་གནང་སྟངས་ཤིག་རེད། དེ་ལས་ལྡོག་སྟེ་ལག་དམར་བ་དེས་རང་ཉིད་སྤྱི་ཚོགས་ནས་བུད་པར་ངོས་འཛིན་གནང་ཡོད། ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པ་ཡིན་སྟབས་གཞན་གྱི་བདེ་དོན་ལའང་བསམ་བློ་གཏོང་དགོས་པ་རེད། ངོས་རང་ས་གནས་གང་དུ་སྐྱོད་ཀྱང་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པའི་ཁོངས་ནས་མི་གཅིག་ཡིན་བསམ་པ་དྲན་གྱི་འདུག
དེང་སྐབས་ཆོས་མིང་ཐོག་ནས་ཕན་ཚུན་གསོད་རེས་གཏོང་བཞིན་པ་ནི་བསམ་ཡུལ་ལས་འདས་པའི་བློ་ཕམ་གྱི་གནས་སྟངས་ཤིག་རེད། དེར་བརྟེན་ངོས་ཀྱིས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད། ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་རེད། རྐྱེན་ངན་དེ་བྱུང་འཕྲལ་སྐུ་ཉིད་དང་ཡུལ་མི་ཚོས་ཁ་ཆེའི་ཆོས་པ་ཚོར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་སྟངས་དེར་ངོས་ཀྱིས་བསྔགས་བརྗོད་ཞུ་བཞིན་ཡོད། གནང་སྟངས་དེས་འཛམ་གླིང་ཁྱོན་ཡོངས་སུ་སེམས་འགུལ་ཤུགས་ཆེ་ཐེབས་ཐུབ་པ་མ་ཟད། སྐབས་དེར་ཆོས་ལུགས་རིས་སུ་མ་ཆད་པའི་སྐྱེ་བོ་རྣམས་དོན་རྐྱེན་བྱུང་སའི་ཁ་ཆེའི་ལྷ་ཁང་དེར་ཆེད་མངགས་ཕེབས་ནས་ཁ་ཆེའི་ཆོས་གྲོགས་ཚོར་གདུང་སེམས་མཉམ་སྐྱེ་ཞུས་ཡོད། སྐུ་ཉིད་ཀྱིས་དབུ་ཁྲིད་པའི་སྲིད་གཞུང་གིས་མེ་མདའི་ཁྲིམས་ལ་བསྐྱར་ཞིབ་གནང་རྒྱུའི་ཐག་གཅོད་གནང་བ་དེ་ནི་ཧ་ཅང་སྙིང་སྟོབས་ཆེ་བའི་བཞེང་ཕྱོགས་ཤིག་རེད། དེ་ལ་བརྟེན་ནས་ཞི་བདེ་བརྟན་ལྷིང་སྐྲུན་ཐུབ་རྒྱུ་ཡིན་པ་གདོན་མི་ཟ་ཡང་། སྐུ་ཉིད་ཀྱིས་གསལ་འདོན་གནང་བ་ལྟར་བྱམས་བརྩེའི་འདུ་ཤེས་ཁྱབ་སྤེལ་གཏོང་དགོས་པ་དེའང་དེ་མཚུངས་གལ་ཆེ་ཆགས་ཡོད།” ཅེས་འཁོད་འདུག །