ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ རེས་གཟའ་མིག་དམར་ནས་ཚེས་ ༢༩ རེས་གཟའ་པ་སངས་བར་ལས་དུས་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དངོས་སུ་དབུ་འཛུགས་གནང་སོང་།
དེ་ཡང་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། ཟུར་ཉན་པ་རྣམ་པ། གསར་འགོད་པ་དང་། ཟུར་ཉན་གཞན་རྣམས་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་དང་། འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་བཀུར་འོས་སྤྱི་འཐུས་རྣམ་པ་བཅས་ལ་ཐོག་མར་ངས་ང་ཚོ་སྤྱི་འཐུས་གཉིས་ཙམ་མ་གཏོགས་ཚང་མ་གྲོས་ཚོགས་སུ་བདེ་བཅར་གནང་ཐུབ་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་རེས་གྲོས་ཚོགས་འདི་སྔོན་རྩིས་ཀྱི་གྲོས་ཚོགས་རེད། འདིའི་ནང་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་ཁག་གཅིག་ཡོད། དེ་ནས་གདུང་སེམས་ཉམས་སྐྱེའི་གྲོས་ཆོད་གྲོས་འཆར་ཡོད། དེ་ནས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གིས་སྔོན་རྩིས་གསུང་བཤད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ཐུགས་ཞིབ་གནང་བའི་སྙན་ཐོ་འདུག དེ་ནས་ཁྲིམས་བཟོའི་ལས་རིམ་ཁ་ཤས་ཡོད། དེ་མིན་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ སྙན་ཐོ། དེ་མིན་དྲི་བ་ཁ་ཤས་དང་ཐུགས་སྣང་གཞེན་སྐུལ་ཡོད་ན་ཡོད་པ་རེད། ད་ལྟའི་ཆར་གང་ཡང་འབྱོར་མ་སོང་། རེས་གཟའ་པ་སངས་ནི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་ཡོད་པ་ཡིན་ན་དེ་ལྟར་རེད། མདོར་ན་ལས་རིམ་འདི་ལྟར་ཡོད།
གྲོས་ཚོགས་ཚོགས་དུས་ ༦ གྲོལ་པ་ནས་བཟུང་དེ་རིང་བར་ཟླ་བ་དྲུག་ནང་ལས་ཀ་གང་བྱུང་བའི་སྐོར་སྟོང་མིན་ཙམ་ཞུ་པ་ཡིན་ན། དང་པོ་ནི། ཕྲན་རང་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡ ཉིན་ཚོགས་གཙོའི་ལས་འགན་གྱི་དམ་འབུལ་ཞུས་པ་རེད། དེ་རྗེས་ཚོགས་གཙོ་སྦྲེལ་པོ་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་བཅར་རྒྱུའི་གོ་སྐབས་བྱུང་། ང་ཚོ་ལོ་གཉིས་དང་ཕྱེད་ཀའི་ས་བགོས་ཡོད་པ་ནང་བཞིན་ད་རེས་ཟླ་བ་དྲུག་འདིའི་ནང་བལ་ཡུལ་སྤོག་ར་ཁུལ་དང་། གློ་སྒྲིག ཚེ་རོག་ལ་སོགས་པ་དེ་དག་ལ་བཅར་རྒྱུ་བྱུང་བ་དང་། དེ་བཞིན་རྡ་ས་ཁུལ་དང་རན་ཅི་ Ranchi མོན་གྷོ་དང་དེའི་ཉེ་འགྲམ་སུད་ཚོང་ཡོད་ས་ཁག དེ་མིན་རྡོར་གླིང་དང་ས་ཁུལ་ཉེ་འགྲམ་ཁག ཅན་རྡི་སྒར། chandigarh མོ་ཧཱ་ལི། Mohali ཨམ་བྷ་ལ། Ambala པ་ཊི་ཡ་ལ། Patiala ལུ་རྡི་ཡ་ན། Ludhiana ཇ་ལན་རྡར། Jalandhar བཅས་སུ་ས་བགོས་ལྟར་ཕེབས་ཐུབ་པ་བྱུང་འདུག
དེ་བཞིན་སྐབས་ ༡༦ སྤྱི་འཐུས་ནས་ཞུ་གཏུག་གི་ལས་འཆར་བརྩམས་པ་གཞིར་བཟུང་ཨནྡྲ་པར་དེ་ཤི་ Andra Pradesh ཨུ་ཏྟར་པྲ་དེཤ། Uttar Pradesh བི་ཧར་ Bihar མ་གཏོགས་གཞན་མངའ་སྡེ་ཡོངས་ལ་ཞུ་གཏུག་སླད་བཅར་ཐུབ་པ་བྱུང་འདུག དེ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུ་དེ་ཌེན་མག་ Denmark དང་། ནོར་ཝེ་ Norway ཨིན་ཡུལ། སི་ཀོ་ཊི་ལེན་ཌི་ Scotland བཅས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཕེབས་ཐུབ་པ་བྱུང་ཡོད།
ཧི་མཱ་ཅལ་མངའ་སྡེའི་དགུན་དུས་གྲོས་ཚོགས་རྡ་སར་ཚོགས་པའི་སྐབས་གསོལ་ཇ་དང་བཞེས་ཏོག་སྟབས་བདེ་ཞིག་འབུལ་རྒྱུའི་གོ་སྐབས་བྱུང་། དེ་བཞིན་ལྡི་ལིར་རྒྱ་གར་གྲོས་ཚོགས་འཐུས་མི་རྣམས་ལ་གསོལ་ཚིགས་འདེགས་འབུལ་ཞུ་རྒྱུ་ལ་སོགས་པ་བྱུང་ཡོད། གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་དབུས་སྤྱི་འཐུས་ཁག་གཅིག་ཨནྡྲ་པར་དེ་ཤིའི་རྒྱལ་ས་ཝི་ཇཱ་ཡ་ཝ་ཌ། Vijayawada ས་གནས་སུ་བོད་ཀྱི་གནད་དོན་འདི་རྒྱ་གར་ལ་ཇི་ཙམ་གལ་ཆེན་པོ་རེད་ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གནང་ཐུབ་པ་བྱུང་ཡོད།
ཟླ་བ་དྲུག་གི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་རྒྱལ་ཁབ་འདྲ་མིན་ནས་སྐུ་མགྲོན་མང་པོ་ཕེབས་པ་དེ་དག་དང་མཇལ་འཕྲད་ཞུ་རྒྱུ་དང་བཀའ་མོལ་གནང་རྒྱུ་བྱུང་སོང་། དེ་བཞིན་རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་པྲ་རྡིབ་ཏམ་ཏ་ Pradeep Tamta མཆོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པ་དགྱེས་བཞེས་མཛད་དེ་མི་ལོ་ཧྲིལ་པོ་ ༢༩ འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་མཛད་སྒོར་ཕེབས་པ་རེད། ཁོང་ལ་གསོལ་ཚིགས་དང་བཀའ་མོལ་གནང་རྒྱུའི་གོ་སྐབས་བྱུང་། དེ་བཞིན་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཅི་ལིའི་ Chile གྲོས་ཚོགས་འཐུས་མི་ཁག་གཅིག་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག ཨ་རིའི་རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་བ་རེད། scottish culture groups དང་ཇི་ནི་
འབྱུང་བའི་གནོད་པ་དཔེར་ན། ཀུ་ལུ་མ་ན་ལིར་ཆར་ཞོད་རྐྱེན་པས་ཆུ་ལོག་བྱུང་བ་དང་། དེ་བཞིན་ཨོ་ཌི་ཤ་འབྱུང་བའི་གོད་ཆག་བྱུང་བ་དེ་ཚོའི་ཐོག་ཐུགས་གསོ་མཚོན་བྱེད་ཕུལ་བ་དང་། དེ་མིན་ཚོགས་གཙོ་རང་ཉིད་ལྟ་བུར་མཚོན་པ་ཡིན་ན། སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་བཅར་རྒྱུའི་གོ་སྐབས་བྱུང་བ། མོན་གྷོ་ས་གནས་སུ་རྒྱ་གར་ནང་ཡོད་པའི་མཐོ་རིམ་སློབ་གྲྭ་ཁག་གི་ཚོགས་ཆེན་ཐེངས་ ༡༣ བཅར་རྒྱུའི་གོ་སྐབས་བྱུང་བ། ཉེ་ཆར་ཨ་རི་གྲོས་ཚོགས་གོང་འོག་གཉིས་ནས་ཕར་འགྲོ་ཚུར་ཡོང་གི་ཁྲིམས་ཡིག་གཏན་འབེབས་གནང་བ་དང་། སྲིད་འཛིན་གྱིས་ཆོག་མཆན་གནང་བར་ཐུགས་རྗེ་ཆེ་ཞུའི་ཕྱག་བྲིས་འབུལ་རྒྱུ་བྱུང་ཡོད་ཅེས་ཞུ་རྒྱུ་ཡིན།
ང་རང་ཚོ་ཚང་མ་རྒྱ་ཆེ་མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་བཅོལ་ནས་འོས་འདེམས་བྱུང་བའི་སྐུ་ཚབ་ཤ་སྟག་རེད། དེར་བརྟེན་ང་ཚོས་ལས་དོན་ཇི་འདྲ་ཞིག་བྱས་པ་ཡིན་ནའང་། རྒྱ་ཆེ་མང་ཚོགས་ཐུགས་མ་ཕམ་པ་དང་དགའ་བ་སྐྱེ་འོས་པ་ཞིག་བཟོ་དགོས་རྒྱུ་ང་ཚོའི་ལས་འགན་གཙོ་བོ་རེད། དེར་བརྟེན་གྲོས་ཚོགས་ནང་བཀའ་མོལ་གནང་མཁན་སུ་ཡིན་ནའང་བཀའ་མོལ་ཇི་འདྲ་ཞིག་གནང་བ་ཡིན་ནའང་རྒྱ་ཆེ་མང་ཚོགས་ཀྱི་ཐུགས་ལ་བབ་པ་ཞིག་ཡོང་གི་འདུག་དང་མི་འདུག་འདི་རང་ཉིད་སོ་སོའི་དགོངས་པ་བཞེས་རྒྱུ་ཞིག་ཆགས་ཀྱི་འདུག གྲོས་ཚོགས་འདི་གྲུབ་པའི་རྗེས་སུ་རྒྱ་ཆེ་མང་ཚོགས་དགའ་བ་སྐྱེ་འོས་པ་ཞིག་བཟོ་ན། གྲོས་ཚོགས་འདི་ཚོགས་པའི་ཚོགས་གོ་ཆོད་པ་རེད། གྲོས་ཚོགས་འདི་གྲོལ་བའི་རྗེས་སུ་མང་ཚོགས་ཐུགས་ཕམ་སྐྱེ་རྒྱུ་ཆགས་པ་ཡིན་ན་ང་ཚོ་ཚོགས་པའི་ཚོགས་གོ་ཆོད་མེད། ཅེས་ཞུ་འདོད་བྱུང་།
ང་ཚོས་བོད་སྤྱི་པའི་རྩ་དོན་སོགས་བཀའ་མོལ་གང་གནང་བ་ཡིན་ནའང་། བོད་རྒྱལ་ཁབ་དང་མི་རིགས་ལ་ཐུགས་ཕན་གསོ་བ་ཞིག་གནང་དགོས་རྒྱུ་གནད་འགག་ཆེན་པོ་རེད། གང་ལྟར་ང་ཚོའི་གྲོས་ཚོགས་འདི་སྤུས་ཀ་ཡག་པོ་བཟོ་དང་མ་བཟོ་དཀྱིལ་འཁོར་འདིའི་ནང་ཡོད་པའི་ཆ་ཤས་བཞེས་མཁན་ཚང་མ་ཆགས་ཡོད། འབྱུང་འགྱུར་ང་ཚོའི་མི་མང་ཙམ་མིན་པར་མང་གཙོའི་རྒྱལ་ཁབ་གཞན་ནས་ང་ཚོར་མིག་དཔེ་ལྟ་དགོས་པ་བཟོ་ཐུབ་པ་བྱུང་བ་ཡིན་ན། ང་ཚོའི་རྒྱལ་ཁ་རེད། ཅེས་ཞུ་རྒྱུ་ཡིན།
ངས་གོང་དུ་ཞུས་པ་ནང་བཞིན་གྲོས་ཚོགས་ཚོགས་དུས་བདུན་པ་ཆ་ཚང་དགོངས་ཞུ་གནང་མཁན་བཀུར་འོས་སྤྱི་འཐུས་རྣམ་པ་གཉིས་མ་གཏོགས་གཞན་ཚང་མ་ཕེབས་ཐུབ་ཡོད་ཅེས་ཞུ་རྒྱུ་ཡིན། ད་རེས་གྲོས་ཚོགས་འདི་རྒྱལ་ཁའི་ངང་ནས་འགྲོ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་དང་། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་ཐུགས་བཞེས་ལྷུན་གྱི་གྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་བ་དང་ཆབས་ཅིག་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་།
དེ་ནས་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས་བཅས་ཀྱིས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་འཆར་རིམ་བཞིན་སྒྲོགས་སྦྱང་གནང་གྲུབ་མཚམས་ཚང་མ་སྐུ་བཞེངས་ཐོག་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས་ཡོད། དེ་རྗེས་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་འཆར་སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་ཀྱིས་སྒྲོགས་སྦྱང་གནང་སྟེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་འགོ་ཚུགས་ཡོད་པ་བཅས། །