ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ ཉིན་སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་མཚམས་འཇོག་བྱེད་དགོས་པའི་ཞི་བའི་ངོ་རྒོལ་གྱིས་སྐད་འབོད་གནང་ཡོད།
དེ་ཡང་ཞི་བའི་སྐད་འབོད་སྐབས་སུད་སི་སྐུ་ཚབ་དོན་གཅོད་པད་བཀོད་དགེ་གླིང་འཆི་མེད་རིག་འཛིན་ལགས་ཀྱིས། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ལ་བོད་ནང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པའི་སྐོར་བརྡ་ལན་དང་། དེ་བཞིན་བོད་མི་མི་རེ་ངོ་རེས་བོད་ཀྱི་འཐབ་རྩོད་གསོན་པོར་གནས་དགོས་པའི་འགན་ཡོད་པ་དང་། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་འཆར་གཞི་ལྡན་པའི་སྒོ་ནས་རྩ་གཏོར་གཏོང་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་ཡོད། ཅེས་གསུངས།
ཤོག་གྲངས་གཉིས་ཅན་གྱི་ཞུ་ཡིག་ཅིག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་ལྕམ་མེ་ཅལ་བྷ་ཅལ་ལེ་ཊི་ Ms. Michelle Bachelet ལགས་ཀྱི་ལས་ཁུངས་སུ་ཕུལ་བའི་ནང་འཁོད་དོན། བོད་ཀྱི་གནད་དོན་གསལ་བར་རྒྱ་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་གནང་དགོས་པ་དང་། ཉེ་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ UN Human Rights Council ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་སྐབས་བསམ་འཆར་བཏོན་པ་ཁག་ལ་རྒྱ་གཞུང་གིས་དམའ་འབེབས་བྱས་ཏེ་ཆོས་དད་རང་དབང་དང་། འགྲོ་འདུག་གི་རང་དབང་། འདུ་འཛོམས་ཀྱི་ཐོབ་ཐང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྲུང་སྐྱོབ་ཀྱི་ཐོབ་ཐང་སོགས་ཀྱི་བསམ་འཆར་ཁག་ལག་བསྟར་བྱས་ཟིན་ལུགས་བརྗོད་པ་མ་ཟད། ཁྲིམས་ཀྱི་མདུན་སར་མི་སེར་ཚང་མ་གཅིག་པ་ཡིན་ལུགས་འཁྱོག་བཤད་བྱས་པར་སེམས་འཚབ་ཡོད། ཅེས་འཁོད་ཡོད་པ་རེད།
སུད་སི་དང་ལེག་ཊིན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ལགས་ཀྱིས། འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པར་བརྟེན། བོད་མིའི་ཐོབ་ཐང་གི་རྒྱབ་ཏུ་ལངས་པ་ནི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་གྱི་རྒྱབ་ཏུ་ལངས་པ་མཚོན་གྱི་ཡོད། ཅེས་གསུངས། །