ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༦ ཉིན་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལོ་འཁོར་ཚོགས་འདུ་ཐེངས་ ༡༡ ཐོག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ ༢༥ ཐུན་མོང་གིས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་གྲགས་ཆེན་དེ་ཕུལ་ཡོད་པ་དང་། གཟེངས་རྟགས་ཕུལ་དགོས་དོན་ནི། དོན་གྲུབ་དབང་ཆེན་ལགས་ཀྱིས་དཔའ་མ་ཞུམ་པར་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་ལེམ་པིཀ་རྩེད་འགྲན་འཚོགས་ལ་ཉེ་བའི་སྐབས་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་ཏེ་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་ཐོག་དྲག་གནོན་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་དངོས་ཡོད་ཀྱི་གནས་སྟངས་འཛམ་གླིང་མི་མང་ལ་བསྟན་ཐུབ་ཡོད་སྟབས་གཟེངས་རྟགས་དེ་ཕུལ་བ་ཞིག་རེད།
གློག་བརྙན་དེ་བཟོས་པར་བརྟེན་དོན་གྲུབ་དབང་ཆེན་ལགས་རྒྱ་ནག་གི་བཙོན་ཁང་ནང་ལོ་ངོ་དྲུག་གི་རིང་ལུས་སེམས་གཉིས་ཀྱི་དཀའ་སྡུག་ཚེད་མེད་མྱངས་ཡོད། རྒྱ་རིགས་མང་གཙོ་དོན་གཉེར་བ་ཡཱང་ཇན་ལི་Yang Jianli ལགས་ཀྱིས་གཟེངས་རྟགས་དེ་ཇི་ནི་ཝ་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ལོ་འཁོར་ཚོགས་འདུ་ཐེངས་ ༡༡ ཐོག་དོན་གྲུབ་དབང་ཆེན་ལགས་ལ་ཕུལ་ཡོད་པ་རེད། གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་དོན་གྲུབ་དབང་ཆེན་ལགས་ཀྱིས་གསུང་དོན། དེ་རིང་ང་ལ་འདི་ལྟ་བུའི་ཆེ་མཐོང་གི་གཟེངས་རྟགས་ཤིག་གནང་བར་ང་དང་ངའི་ལས་རོགས་ཀྱི་ཚབ་བྱས་ནས་རྣམ་པ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་འདི་ནི་འཛམ་གླིང་གི་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཚོ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། རྣམ་པ་ཚོའི་མདུན་ནས་གཟེངས་རྟགས་འདི་འདྲ་ཞིག་ལེན་རྒྱུ་བྱུང་བ་དང་། རང་དབང་གི་ཁོར་ཡུག་ལོངས་སུ་སྤྱད་ནས་རང་གི་ཆེས་ཡ་ང་བའི་གནས་སྟངས་རྣམས་ངོ་སྤྲོད་ཞུ་རྒྱུར་བསམ་ཡུལ་ལས་འདས་པའི་དགའ་སྤོབས་སྐྱེ་ཡི་ཡོད། ཅེས་དང་།
གོ་སྐབས་འདི་བརྒྱུད་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་སྒེར་པ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་མཚུངས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རོགས། ཁྱེད་རྣམ་པས་རྒྱབ་སྐྱོར་ལ་བརྟེན་ནས་བོད་མིའི་འཐབ་རྩོད་འདི་བཞིན་བཟང་ཕྱོགས་སུ་འགྱུར་བ་ཤུགས་ཆེན་པོ་འགྲོ་མུས་ཡིན། དེ་བཞིན་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱལ་ཚོགས་ཀྱི་སྐུ་ཚབ་ཁག་གཅིག་ལ་ཐུག་འཕྲད་གནང་སྟེ་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་སྐོར། ཁོང་རྣམ་པ་ཚོ་མགྱོགས་མྱུར་རྒྱ་གཞུང་གི་བཙོན་འོག་ནས་གློད་བཀྲོལ་ཐོབ་པར་རྒྱ་གཞུང་གི་འགོ་ཁྲིད་ཚོ་དང་ལྷན་གླེང་སློང་གནང་དགོས་པའི་རེ་སྐུལ་ཞུས་ཡོད་པ་བཅས། །