༢༠༡༩ ཟླ་ ༣ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣་ཚེས་ ༡༧ ཉིན་སུད་སི་དང་ལེག་ཊིན་སི་ཊེན་ Liechtenstein བོད་རིགས་ཚོས་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་རྒྱལ་གཅེས་པ་སྐུ་ཞབས་དོན་གྲུབ་དབང་ཆེན་ལགས་ལ་ཆེ་བསྟོད་རྒྱ་ཆེ་ཞུས་འདུག སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་བོད་རིགས་ཚོགས་པའི་ཚོགས་གཙོ་ནུར་བུ་ལགས་རྣམ་གཉིས་དབུ་བཞུགས་ཐོག་མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར་རྗེས་བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་གནང་མཁན་རྒྱལ་གཅེས་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས།
དེ་རྗེས་སྐུ་ཚབ་དོན་གཅོད་ནས་དོན་གྲུབ་དབང་ཆེན་ལགས་ཀྱིས་སྙིང་སྟོབས་ཆེན་པོས་བོད་ནང་གི་དངོས་ཡོད་གནས་སྟངས་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་གནང་བའི་བྱས་རྗེས་ལ་ཡི་རངས་བསྔགས་བརྗོད་རྒྱ་ཆེ་གནང་བ་མ་ཟད། བོད་རིགས་ཚོགས་པའི་ཚོགས་གཙོ་ནུར་བུ་ལགས་ཀྱིས་དོན་གྲུབ་དབང་ཆེན་ལགས་བོད་ནས་རང་དབང་ལུང་པར་བྲོས་བྱོལ་ཐུབ་པ་དེ་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་དང་། ཁོང་ཕྱི་རྒྱལ་དུ་ཕེབས་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་འདུག
དེ་རྗེས་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱ་ནག་གི་བཙོན་འོག་ཏུ་དཀའ་སྡུག་མྱོང་སྟངས་དང་། འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་སྐབས་བོད་ནང་གི་བོད་མི་སྙིང་སྟོབས་ཅན་རྣམས་ཀྱིས་འཇིགས་ཞུམ་སྤུ་ཙམ་མེད་པའི་ཐོག་ནས་ཁོང་ལ་གློག་བརྙན་བཟོ་རྒྱུར་མཐུན་འགྱུར་གནང་སྟངས། དེ་བཞིན་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་སླད་དོ་སྣང་དང་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་བ་དང་སྦྲགས་གསུང་དོན། གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོས་རང་གི་སྲོག་ལའང་མ་འཛེམས་པར་བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་དང་ཁྱད་ཆོས་དེ་དག་སྲུང་སྐྱོབ་ཆེད་བློས་གཏོང་གནང་དང་གནང་བཞིན་ཡོད་པར་བརྟེན་རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་རྒན་གཞོན་ཚང་མས་དེ་བས་གོ་སྐབས་ལོངས་སུ་སྤྱད་དེ་བོད་མི་རིགས་ཀྱི་ཐུན་མིན་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཡོང་བར་འབད་བརྩོན་གནང་དགོས་པ་གསུངས།
གཞན་ཡང་མཛད་སྒོའི་ཐོག་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བྱེས་བཞུགས་བོད་མི་རྣམས་ཀྱིས་གཞིས་བཞུགས་བོད་མི་ཚོས་འཐབ་རྩོད་ལ་མཉམ་རུབ་གནང་གལ་ཆེ་བ་དང་། ཁོང་རང་ཉིད་དེ་སྔ་འཇིགས་བྲལ་གློག་བརྙན་བཟོ་སྐྲུན་གནང་མཁན་དོན་གྲུབ་དབང་ཆེན་ལགས་ལ་མཐུན་འགྱུར་གནང་སྐབས་ཀྱི་ལོ་རྒྱུས་རྗེས་དྲན་དང་སྦྲགས་རང་དབང་ལུང་པའི་ནང་ཁོང་དང་མཇལ་ཡོང་བསམ་པ་བསམ་བློར་ནམ་ཡང་འཁོར་མེད་སྟབས་ཐེངས་འདིར་ཁོང་གཉིས་སླར་ཡང་རང་དབང་ཡུལ་དུ་མཇལ་བ་ནི་རྨི་ལམ་རྨིས་པ་ལྟ་བུ་བྱུང་ཚུལ་གསུངས།
དེ་ཡང་ “འཇིགས་བྲལ་” ཞེས་པའི་གློག་བརྙན་ནི་ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་དངོས་ཡོད་གནས་སྟངས་གསལ་འདོན་བྱས་པའི་གློག་བརྙན་ཞིག་ཡིན་ཞིང་། གློག་བརྙན་དེའི་ནང་གཞིས་བཞུགས་བོད་མི་ ༡༠༠ ལྷག་གིས་རང་གི་ཚེ་སྲོག་ལ་འཛེམ་ཟོན་སྤངས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་རྒྱུས་ལོན་གནང་བའི་སྐོར་ཡིན་འདུག གློག་བརྙན་བཟོས་ནས་རིང་པོར་མ་ཐོགས་པར་དོན་གྲུབ་དབང་ཆེན་ལགས་དང་མགོ་ལོག་འཇིགས་མེད་ལགས་རྣམ་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད། དོན་གྲུབ་དབང་ཆེན་ལགས་ལ་ལོ་ ༦ ཁྲིམས་ཐག་བཅད་པ་དང་། མགོ་ལོག་འཇིགས་མེད་ལགས་ལ་ཟླ་བ་བདུན་ཁྲིམས་ཐག་བཅད་རྗེས་སླར་ཡང་ཕྱི་ལོ་ ༢༠༡༢ ལོར་འཛིན་བཟུང་བྱས་ཡོད། །