ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ ཐམ་པའི་མཛད་སྒོར་ཆེད་དུ་དམིགས་ནས་ཨ་རི་དང་། ཁེ་ན་ཌ། ཨོ་སི་ཊི་ལ་ཡ་སོགས་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་གྲངས་ ༦༠ ཙམ་བཞུགས་སྒར་རྡ་སར་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་རྒྱ་རིགས་སྐུ་མགྲོན་ཁག་གཅིག་གིས་བཞུགས་སྒར་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུ་བ་ལས་བྱེད་རྣམས་ལ་བོད་རྒྱ་གཉིས་ཀྱི་གནད་དོན་སྐོར་གསུང་བཤད་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་ཚན་པའི་འགན་འཛིན་བསྟན་འཛིན་བདེ་ལྡན་ལགས་ཀྱི་གཙོ་སྐྱོང་འོག་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་ཞིང་། ད་ལྟ་ཨ་རི་ནང་གནས་སྡོད་རྒྱལ་སྤྱིའི་རྒྱ་བོད་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཝང་ཞུའེ་ལི་ Wang Xueli ལགས་དང་། ཨོ་སི་ཊི་ལི་ཡའི་ནང་གནས་སྡོད་རྒྱ་ནག་མང་གཙོའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ Federation for a Democratic China སྐུ་ཞབས་ཆིན་ཅིན་ Chin Jin ལགས། ཨོ་སི་ཊི་ལི་ཡའི་ནང་གནས་སྡོད་ཨོ་སི་ཊི་ལི་ཡའི་ཆི་ཧྲི་རིག་གནས་ཐེབས་རྩ་་ཁང་གི་འགན་འཛིན་ལྕམ་སྐུ་ཞབས་ཆི་གྱ་ཀྲིན་Qi Jiazhen ལགས། ཁེ་ན་ཌའི་ནང་གནས་སྡོད་རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་སྣེ་ཁྲིད་པ་ལྕམ་སྐུ་ཧྲེང་ཞུའེ་ Sheng Xue ལགས།
ཨ་རིར་གནས་སྡོད་རྒྱལ་སྤྱིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་ཤུའེ་ཝེ་ xue Wei ལགས་བཅས་ནས་ཁ་གཅིག་གྲག་ཐོག་བོད་མི་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱིས་མཉམ་རུབ་ཐོག་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཅིག་ལ་བསྒྱུར་ཐབས་ཀྱི་འབད་བརྩོན་གནང་དགོས་པ་དང་། རྒྱ་ནག་མང་གཙོ་ཆགས་ཟིན་པའི་རྗེས་བོད་ཀྱི་བདེན་མཐའ་གསལ་ཐུབ་ངེས་རེད། ཅེས་དང་།
དེ་བཞིན་བོད་མིའི་རང་དབང་གི་འཐབ་རྩོད་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་ཚོགས་བཅར་བ་ཁག་གཅིག་གི་དྲི་བ་ལ་ལན་འདེབས་གནང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་རྒྱ་རིགས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ཆེའི་གསུང་བཤད་གནང་ཡོད་པ་བཅས། །