ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱི་གཙོ་སྐྱོང་འོག་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ ཐམ་པའི་མཛད་སྒོར་ཆེད་དུ་དམིགས་ནས་ཨ་རི་དང་། ཁེ་ན་ཌ། ཨོ་སི་ཊི་ལ་ཡ་སོགས་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་གྲངས་ ༦༠ ཙམ་བཞུགས་སྒར་རྡ་སར་ཕེབས་ཡོད་པ་དང་། ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ སྟེང་རྒྱ་རིགས་གྲངས་ ༤༠ ལྷག་བཞུགས་སྒར་རྡ་ས་ནོར་བུ་གསོལ་མགྲོན་ཁང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ ཐམ་པའི་ཐོག་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སོང་།
དེ་ཡང་ཨོ་སི་ཊི་ལི་ཡའི་ནང་གནས་སྡོད་རྒྱ་ནག་མང་གཙོའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ Federation for a Democratic China སྐུ་ཞབས་ཆིན་ཅིན་ Chin Jin ལགས་ཀྱིས་གསུང་དོན། ང་བཞུགས་སྒར་རྡ་སར་ཡོང་དགོས་དོན་ནི་བོད་མིའི་རང་དབང་གི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེའི་ཆེད་དུ་བཅར་བ་ཡིན།
བོད་མིའི་མངོན་འདོད་ནི། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་དང་། ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་པས། བོད་མི་དང་ང་ཚོས་མཉམ་རུབ་ཐོག་འདས་པའི་ལོ་ངོ་ ༣༠ རིང་རྒྱ་ནག་མང་གཙོའི་ལམ་ལུགས་ཅན་ལ་སྒྱུར་ཐབས་དང་། བོད་མིའི་མངོན་འདོད་བསྒྲུབ་པའི་སླད་མཉམ་རུབ་ཐོག་འབད་བརྩོན་བྱས་ཡོད་པ་མ་ཟད། ད་དུང་ཡིན་ནའང་མུ་མཐུད་བྱ་རྒྱུ་ཡིན། ཞེས་གསུངས།
དེ་རྗེས་གསུང་བཤད་གནང་མཁན་ཡོངས་ནས་བོད་མིའི་རང་དབང་གི་འཐབ་རྩོད་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བ་ལ་ལན་འདེབས་གནང་བ་དང་འབྲེལ། གསར་འགོད་ལྷན་ཚོགས་གྲོལ་ཡོད་པ་བཅས། །