༢༠༡༩ ཟླ་ ༣ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རའི་ནང་བོད་མིའི་སྒེར་ལངས་ཐེངས་ ༦༠ སྲུང་བརྩི་ཞུ་སྐབས་མཛད་སྒོའི་སྐུ་མགྲོན་དུ་ཕེབས་པ་རྒྱ་རིགས་ཚོགས་སྡེ་ཁག་གསུམ་སྟེ། རྒྱ་བོད་ཤེས་ཡོན་སློབ་སྤེལ་Sino-Tibetan Study group ཚོགས་པ། རྒྱ་ནང་མང་གཙོ་གོང་སྤེལ་ཚོགས་པ། Federation for a Democratic China སྤྱི་དམངས་ནུས་སྟོབས་ཚོགས་པ་ Citizen`s Power Initiative for China ཞེས་ཚོགས་པ་གསུམ་གྱི་སྐུ་ཚབ་རྒྱ་རིགས་མང་གཙོ་དོན་གཉེར་བ་སྐུ་ཞབས་ཡང་ཅིན་ལི་ Dr.Yang Jianli མཆོག་གིས་གསུང་བཤད་གནང་དོན།
དེ་རིང་དུས་ཅན་ཁྱད་པར་ཅན་འདིར་བཅར་ཐུབ་པ་ནི་ང་རང་ལ་ཆེ་མཐོང་ཐོབ་པ་ཞིག་བྱུང་། ལོ་ངོ་ ༦༠ གོང་དེ་རིང་གི་ཉིན་མོར་བོད་མི་ཚོས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་སྒེར་ལངས་བྱས་ཡོད། བོད་མིའི་ཆོས་དང་རིག་གཞུང་། རྒྱུ་ནོར་ལོངས་སྤྱོད། མདོར་ན་བོད་མིའི་ཐུན་མིན་ངོ་བོ་རྩ་རླག་ཏུ་འགྲོ་རྒྱུའི་མཚམས་སུ་སླེབས་པའི་ཉིན་མོ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་མི་སྒེར་ལངས་བྱེད་མཁན་ཚོར་དྲག་གནོན་ཚབས་ཆེ་བྱས་པར་བརྟེན་༸གོང་ས་ཏཱ་ལའི་བླ་མཆོག་བཙན་བྱོལ་དུ་བྲོས་བྱོལ་ལ་ཆིབས་སྒྱུར་བསྐྱངས་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་བོད་དེ་བཞིན་མི་ཡུལ་སྟེང་གི་དམྱལ་ཁམས་ཤིག་ཏུ་བསྒྱུར་ཡོད། བོད་མི་ཚོས་ལོ་ངོ་ ༦༠ རིང་རྒྱ་ནག་གཞུང་གི་གདུག་རྩུབ་འོག་དཀའ་སྡུག་ཚད་མེད་མྱངས་ཡོད་ཅིང་། དེ་ལྟ་བུའི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ནི་འགྲོ་བ་མིའི་ལོ་རྒྱུས་ཁྲོད་བྱུང་མྱོང་མེད་པ་ཞིག་རེད།
འོན་ཀྱང་གཞིས་བྱེས་བོད་མི་ཚོས་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་རེ་བ་མ་རླག་པར་མུ་མཐུད་འཐབ་རྩོད་གནང་ཡོད། བོད་མི་ཚོས་རང་གི་ཐུན་མིན་ངོ་བོ་དང་། འགྲོ་བ་མིའི་གཞི་རྩའི་རང་དབང་དང་ཆོས་དད་རང་དབང་ཆེད་འཐབ་རྩོད་རྒྱུན་སྐྱོང་བཞིན་ཡོད། དེ་ལྟ་བུའི་བོད་མི་ཚོའི་བཟོད་བསྲན་དང་སྙིང་སྟོབས། བློས་གཏོང་དང་ཆོད་སེམས་བཅས་ལ་རྒྱལ་སྤྱིའི་ཁྱོན་ནས་ཆེ་མཐོང་དང་བསྔགས་བརྗོད་རྒྱ་ཆེ་ཐོབ་ཡོད། བོད་མི་ཚོར་ས་དང་ དམག་དཔུང་གི་སྟོབས་ཤུགས་མེད། དྲག་ཆས་ཉེན་རྟོག་ཀྱང་མེད་བཞིན་དུ་འཐབ་རྩོད་རྣོ་ངར་ལྡན་པ་ཞིག་རྒྱུན་སྐྱོང་བཞིན་ཡོད།
བོད་མི་འབུམ་གཅིག་ལྷག་ཙམ་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་འཛམ་གླིང་ཁྱོན་དུ་གཞིས་སྒར་ཚུགས་ཐུབ་པ་དང་། བོད་མི་ཚོས་རང་གི་ཐུན་མིན་ངོ་བོ་རྒྱུན་སྐྱོང་ཐོག་ཆོས་དད་གཞི་རྩར་བཟུང་བའི་རྒྱལ་ཞེན་བརྟན་པོར་འཛིན་བྱེད་བཞིན་ཡོད། བོད་མི་ཚོས་འཚོ་བ་འཁྱོལ་ཙམ་མིན་པར་མང་གཙོའི་ལམ་ལུགས་ལག་བསྟར་ཐོག་འཛམ་གླིང་ཁྱོན་དུ་བྱམས་བརྩེ་དང་བཟོད་སྲན། ཕྱི་གསལ་ནང་གསལ་བཅས་འགྲོ་བ་མིའི་བཟང་པོའི་རིན་ཐང་སོགས་ཀྱི་གོ་སྐོན་སློབ་གསོ་སྤེལ་བཞིན་ཡོད། རང་གི་མངོན་འདོད་རྣམས་དྲག་པོའི་སྟོབས་ཤུགས་ཁོ་ནར་བརྟེན་ནས་བསྒྲུབ་ཐབས་བྱེད་བཞིན་པའི་རྒྱ་ནག་དམར་པོའི་སྲིད་གཞུང་ངོ་ཚ་ཁ་སྐྱེངས་བཟོས་པ་རེད།
ད་ལྟ་བོད་དེ་བཞིན་རྒྱ་ནག་དམར་ཤོག་སྲིད་དབང་གིས་དབང་སྒྱུར་བྱེད་བཞིན་ཡོད། བོད་ནང་གི་ཛ་དྲག་གནས་སྟངས་སེལ་རྒྱུ་ནི་འཛམ་གླིང་སྐྱེ་འགྲོ་སྤྱི་དང་ལྷག་པར་རྒྱ་རིགས་མི་མང་ཚོར་བཟང་སྤྱོད་ཀྱི་འགན་ཞིག་ཆགས་ཡོད། ང་ཚོ་རྒྱ་ནག་མི་དམངས་ཡིན་པའི་ངོས་ནས་དེ་རིང་བོད་མི་ཚོར་གདུང་སེམས་མཉམ་སྐྱེས་བྱ་རྒྱུ་བྱུང་བར་དགའ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར།
དེ་རིང་བོད་མིའི་སྒེར་ལངས་ཐེངས་ ༦༠ ཐོག་ང་ཚོ་རྒྱ་ནག་མི་དམངས་ཚོར་བོད་མི་ཚོས་འཆམ་མཐུན་གྱི་འདུ་ཤེས་འཛིན་ཏེ་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་ཐོག་ཆོས་ཕྱོགས་ཀྱི་བློ་སྐྱེས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ང་ཚོས་བོད་མི་ཚོར་རང་གི་གཞི་རྩའི་ཐོབ་ཐང་དང་ལས་དབང་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ལ་བརྩི་བཀུར་དང་རྒྱབ་སྐྱོར་ཞུ་རྒྱུའི་ཆོད་སེམས་རྒྱུན་སྐྱོང་ཐོག་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད། སྲིད་བྱུས་འདི་ཉིད་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དགོངས་བཞེས་མཛད་རྗེས་བོད་མི་མང་སྤྱིས་འཐུས་ལྷན་ཚོགས་ནང་གཏན་ལ་ཕབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།