ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༤ ཉིན་ལྷོ་ཨ་ཕི་རི་ཀའི་མང་གཙོ་མནའ་འབྲེལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Kevin Mileham མཆོག་གིས་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་ཤུགས་ཆེ་གནང་འདུག
དེ་ཡང་ཁོང་གིས་ཐོག་མར་གསུང་དོན། རྒྱ་ནག་ནི་ལོ་རྒྱུས་ཧ་ཅང་ཕྱུག་པའི་རྒྱལ་ཁབ་ཞིག་ཡིན་སྟབས། ང་ཚོས་རྒྱ་ནག་ནས་བློ་སྐྱེད་ལེན་དགོས་པ་མང་པོ་ཡོད། འོན་ཀྱང་སྐབས་རེ་ང་ཚོས་གཞན་གྱིས་ནོར་འཁྲུལ་གང་བྱས་པ་དེ་ལས་བློ་སྐྱེད་ལེན་དགོས། རྒྱ་ནག་གིས་འདས་པའི་ལོ་ངོ་བཅུའི་རིང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཆེད་འབད་བརྩོན་ཤུགས་ཆེ་བྱས་ཡོད། འོན་ཀྱང་གཞུང་ལམ་དུ་འགྲོ་སྐབས་དང་མེ་འཁོར་བརྒྱུད་རྒྱ་ནག་གི་གྲོང་ཁྱེར་གྱི་ས་ཁུལ་ཁག་ཏུ་འགྲུལ་བཞུད་བྱེད་སྐབས་དབུལ་ཕོངས་མང་པོ་མཐོང་རྒྱུ་འདུག རྒྱ་ནག་ནང་གི་དམ་བསྒྲགས་གི་གནས་སྟངས་ལ་མཚོན་ན་དྲག་ཆས་ཉེན་རྟོག་པ་དང་། ཉེན་རྟོག་མི་སྣ་ས་གནས་གང་སར་བཀྲམ་པ་མ་ཟད། དྲ་རྒྱར་མཚོན་ན་དམ་བསྒྲགས་ཧ་ཅང་ཆེན་པོ་རེད།
ང་ཚོ་རྒྱ་ནག་གཞུང་གིས་ལམ་སྟོན་བྱས་པའི་ས་ཆ་དང་གཞུང་ལམ་སོགས་ལ་མ་གཏོགས་འགྲོ་མ་ཆོག་པ་དང་། ང་ཚོ་གང་དུ་བསྐྱོད་ཀྱང་རྒྱ་ནག་གཞུང་གིས་བསྐོ་འཛུགས་བྱས་པའི་སྣེ་ཤན་པ་དང་ལྷན་དུ་འགྲོ་དགོས་འདུག རྒྱ་ནག་ནང་དབང་ཆ་ཡོད་པའི་གཞུང་གི་ལས་བྱེད་དང་མི་མང་དཀྱུས་མའི་གནས་སྟངས་ལ་བར་ཁྱད་ཧ་ཅང་ཆེན་པོ་འདུག
གཞུང་གི་དབང་ཆ་ཡོད་མཁན་ཚོས་ནུབ་ཕྱུག་གི་དཔལ་འབྱོར་ལོངས་སྤྱོད་ལ་ལོངས་སུ་སྤྱོད་བཞིན་འདུག སྣུམ་འཁོར་ཞིག་ཡིན་ནའང་བྷི་ཨེམ་ཌབ་ལུ་ BMW སོགས་ནང་འགྲུལ་བཞུད་བྱས་པ་དང་། ཚོང་ཁང་ནས་ཅ་དངོས་ཉོ་སྐབས་རིན་གོང་ཧ་ཅང་ཆེ་བའི་ཅ་དངོས་ཉོ་བཞིན་འདུག དེ་ལས་ཟློག་སྟེ་ཟས་ལྷག་འཐུང་ལྷག་སྤྱོད་བཞིན་ཡོད། དབང་ཆ་ཡོད་མཁན་ཚོས་མ་རྩའི་རིང་ལུགས་ཀྱི་ཁེ་ཕན་རྣམས་ལོངས་སུ་སྤྱད་ནས་དཔལ་འབྱོར་ལོངས་སྤྱོད་གོང་ནས་གོང་དུ་འཕེལ་ཐུབ་ཀྱང་། མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལ་སྙད་ནས་དམ་བསྒྲགས་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་སྲིད་བྱུས་ལག་བསྟར་བྱེད་སྟངས་དེ་ཡ་མཚན་པོ་ཞིག་རེད། ཁོ་པ་ཚོས་གྲང་ཉུང་མི་རིགས་དེ་དག་རང་སྐྱོང་ལྗོངས་ཟེར་བའི་མིང་བཏགས་ནས་ཟུར་དུ་ཕྱེ་ཡོད།
ངོ་གདོང་ལ་བལྟས་པ་ཡིན་ན་རང་སྲིད་རང་སྐྱོང་གི་རྣམ་པ་ཡོད། འོན་ཀྱང་དོན་དངོས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འཛིན་འོག་མཐའ་གཅིག་ཏུ་འགྲོ་དགོས་པ་རེད། ལམ་ལུགས་དེ་འདྲ་བ་ཞིག་ང་ཚོའི་ལུང་པའི་ནང་དེ་སྔ་ཨིན་གཞུང་གིས་མི་རིགས་དབྱེ་འབྱེད་སྐབས་ Homelands ཟེར་བ་དང་འདྲ་མཚུངས་ཤིག་རེད། འདིར་ Homelands གྱི་དཔེ་མཚོན་ཡག་ཤོས་ཤིག་བོད་གཞག་ཆོག བོད་རྒྱལ་ཁབ་དེར་ལོ་རྒྱུས་ངོ་མཚར་ལྡན་པ་ཞིག་ཡོད། ངས་འདིར་བོད་ལ་ “རྒྱལ་ཁབ་” ཅེས་འབོད་པའི་རྒྱུ་མཚན་ནི། རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བལྟས་པ་ཡིན་ན་བོད་དེ་བདག་དབང་ནམ་ཡང་མ་རླག་པའི་རྒྱལ་ཁབ་གཅིག་ཡིན། བོད་དེ་གཞན་གྱིས་ཁྲིམས་འགལ་ཐོག་ནས་བཙན་འཛུལ་བྱས་པའི་རང་བཙན་གྱི་རྒྱལ་ཁབ་ཞིག་རེད། གལ་ཏེ་བོད་དེ་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་བཙན་འཛུལ་བྱས་པ་ཞིག་ཡིན་ཚེ་བོད་ནང་རྒྱ་མི་གནས་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་རེད།
གལ་ཏེ་ཕྱོགས་གཞན་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ཟེར་བ་དེ་གཞིར་བཟུང་བྱས་པ་ཡིན་ན། བོད་དེ་རྒྱ་ནག་ནང་ཁུལ་གྱི་གནད་དོན་ཞིག་ཆགས་རྒྱུ་རེད། འོན་ཀྱང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་བོད་མི་ཚོའི་རང་གི་ངོ་བོ་སྲུང་སྐྱོབ་བྱ་རྒྱུའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་དག་བོད་དེ་རང་བཙན་ཡིན་མིན་གྱི་གནས་སྟངས་ལ་ལྟོས་མེད་རྒྱལ་སྤྱིའི་སེམས་འཚབ་བྱེད་དགོས་པ་ཞིག་རེད།
རྒྱ་ནག་གིས་ཕྱི་ལོ་ ༡༩༤༩ དང་ ༡༩༥༠ ནང་རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་ནས་སྐབས་དེའི་བོད་གཞུང་ལ་བོད་ཞི་བའི་བཅིང་བཀྲོལ་བཏང་ཡིན་ཟེར་ནས་ཆིངས་ཡིག་དོན་ཚན་ ༡༧ བཙན་དབང་ཐོག་ནས་མིག་བཏགས་བཀོད་བཅུག་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ་བཅིང་བཀྲོལ་དམག་དཔུང་ཁྲི་བཞིས་ལྷ་སར་བཙན་འཛུལ་བྱས་ནས་བོད་རྒྱལ་ཁབ་དང་མི་རིགས་རིག་གཞུང་དང་བཅས་པར་རྩ་བརླག་ཏུ་གཏོང་རྒྱུ་སྡིགས་བསྐུལ་བཏང་བ་རེད། ཆིངས་ཡིག་དེ་བཙན་དབང་འོག་མིང་བཏགས་བཀོད་བཅུག་སྟབས། རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ནས་བལྟས་ཚེ་ཆིངས་ཡིག་དེ་ནུས་མེད་ཅིག་རེད། འོན་ཀྱང་ངའི་གཡས་ཕྱོགས་སུ་ ANC ཆབ་སྲིད་ཚོགས་པས་མུ་མཐུད་རྒྱ་ནག་གི་གནོན་ཤུགས་ལ་མགོ་བཏགས་ཞུ་བཞིན་དུ་བོད་མིའི་དཀའ་སྡུག་ལ་བསམ་ཤེས་མ་བྱས་པར་ཁྱད་གསོད་ཤ་སྟག་བྱས་ཡོད།
ལྷོ་ཨ་ཕི་རི་ཀའི་སྲིད་གཞུང་གིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཐོང་མཆན་ཐེངས་འགའ་ཤས་མ་ཕུལ་བ་རེད། བྱེད་བབ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ལྷོ་ཨ་ཕི་རི་ཀའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་དེ་རྒྱ་ནག་མ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག །