ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་སླར་ཡང་བོད་ཐོག་རྒྱབ་ཤ་དཀར་པོ་བཏོན་པ་དེར་དམིགས་ནས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཚན་པས་ཆེད་རྩོམ་ཞིག་སྤེལ་བའི་ནང་འཁོད་དོན། དེ་ནི་རྒྱ་ནག་གཞུང་གིས་ལོ་ངོ་དྲུག་ཅུའི་རིང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོའི་ཁེ་དབང་ལ་བརྩི་མེད་རྡོག་རོལ་བཏང་བ་དེ་དག་འགེབ་སྲུང་བྱེད་ཐབས་བྱས་པ་ཞིག་རེད། བོད་ནང་མང་གཙོའི་བཅོས་སྒྱུར་བཏང་ནས་ལོ་ངོ་ ༦༠ ཟེར་བའི་བོད་ཐོག་རྒྱབ་ཤ་དཀར་པོ་བཏོན་པ་དེའི་ནང་དོན་ཞིབ་མོར་དཔྱད་སྐབས་དེ་སྔ་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོ་དང་མཚུངས་པར་ཐེངས་འདིར་ཡང་རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་སྤྱི་དང་། ལྷག་པར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་འདས་པའི་ལོ་ངོ་ ༦༠ རིང་ཡར་རྒྱས་ཇི་ཙམ་བཏང་ཡོད་པ་རྣམས་བཀོད་ཡོད།
རྒྱ་ནག་དྲིལ་བསྒྲགས་ཚན་པས་ “ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་བཀྲོལ་བཏང་བའི་དུས་དྲན།” ཟེར་བའི་ཉིན་གཅིག་གི་གོང་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༧ ཉིན་བོད་དོན་ཐོག་རྒྱབ་ཤ་དཀར་པོ་ཐེངས་བཅུ་གསུམ་པ་དེ་བཏོན་པ་རེད། “ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་བཀྲོལ་བཏང་བའི་དུས་དྲན་”ཟེར་བ་དེ་ཕྱི་ལོ་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་ལོ་ལྟར་སུང་བརྩི་ཞུ་རྒྱུའི་གུང་སེང་གི་ཉིན་མོ་ཞིག་ཡིན་པར་གཞུང་འབྲེལ་གཏན་འབེབས་བྱས་པ་ཞིག་རེད། ལོ་དེར་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བཙུགས་ཤིང་། ལོ་སྔོན་མ་སྟེ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་དུ་ས་བྱི་ཞི་རྒོལ་ཆེན་པོ་བྱུང་བ་རེད།
ཐེངས་འདིར་རྒྱབ་ཤ་དཀར་པོའི་ནང་རྒྱ་ནག་གཞུང་གིས་ “བོད་ཞི་བའི་བཅིངས་བཀྲོལ་” བཏང་ནས་ལོ་ངོ་ ༦༠ རིང་དེར་བོད་མི་བྲན་གཡོག་རྣམས་གཞན་གྱི་དབང་འོག་ལས་བྲོལ་ཏེ་རང་ཉིད་བདག་པོར་འགྱུར་ཐུབ་པ་མ་ཟད། དཔལ་འབྱོར་འཛུགས་སྐྲུན་དང་ཁོར་ཡུག་གི་གནས་སྟངས་ཡར་རྒྱས་གོང་འཕེལ་གྱི་འཚོ་བར་རོལ་བཞིན་ཡོད་པ་བཤད་པ་མ་ཟད། ལྷག་པར་ཡིག་ཆ་དེའི་ནང་དུ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཡོངས་རྫོགས་ལ་ཆོས་དད་རང་མོས་ཡིན་པ་དང་། ཆོས་ལུགས་དང་འབྲེལ་བའི་ལས་དོན་ནི། མི་སོ་སོའི་སྒེར་གྱི་རང་དབང་ཡིན་སྟབས། གཞུང་གིས་དད་མོས་རང་དབང་དེར་གུས་བརྩི་ལྡན་པའི་ཐོག་ནས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་བཤད་འདུག གལ་ཏེ་གཏམ་དེ་དག་དངོས་བདེན་ཡིན་ཚེ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་བྱེད་དགོས་དོན་གང་ཡིན་ནམ། ལྷག་པར་རང་སྲེག་ལས་འགུལ་ལྟ་བུ་ཧ་ཅང་ཚབས་ཆེའི་ལས་འགུལ་རིགས་སྤེལ་རྒྱུར་བག་ཚ་སྤུ་ཙམ་མེད་པ་བྱེད་དགོས་དོན་གང་ཡིན་ནམ།
ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ཀྱི་ས་ཁུལ་འདྲ་མིན་ནང་བོད་མི་ ༡༥༣ གྱིས་བོད་ལ་རང་དབང་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་དྲེན་ཞུ་དགོས་པའི་འབོད་ཚིག་བསྒྲགས་ཏེ་རང་ལུས་མེར་སྲེག་བཏང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆག་གིས་”རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ཐོག་ཆབ་སྲིད་ཀྱི་དམ་བསྒྲགས་དང་། ཆོས་དང་རིག་གཞུང་རྩ་མེད་བཟོས་པ། ཁོར་ཡུག་གཏོར་བཤིག མི་རིགས་དབྱེ་འབྱེད། དཔལ་འབྱོར་ཟུར་འབུད་ཀྱི་སྲིད་བྱུས་ལག་བསྟར་བྱས་པར་བརྟེན་བོད་མི་རྣམས་ད་ཆ་འ་ཆད་འུ་ཐུག་ནས་རང་ལུས་མེར་སྲེག་གཏོང་བཞིན་ཡོད། ” ཅེས་ཡང་ཡང་གསུང་ཡོད།
རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་རང་དབང་ལྡན་པའི་ཐོག་ནས་རྟོག་ཞིབ་གནང་མཁན་ཚོགས་པ་ཁག་གིས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་སེམས་འཚབ་ཀྱི་རྣམ་པ་བཏོན་པའི་སྙན་ཐོ་དེ་དག་ལ་རྟོག་ཞིབ་གནང་སྐབས། རྒྱ་ནག་གཞུང་གིས་རྒྱབ་ཤ་དཀར་པོའི་ནང་གང་བྲིས་པ་དེ་དག་དང་ཡོངས་སུ་དངོས་འགལ་ཆགས་པ་ཞིག་རེད་འདུག
དཔེ་མཚོན་ཙམ་ཞུས་ན། ཕྱི་ལོ་ ༢༠༡༩ ལོར་རང་དབང་ཁང་པས་”ཕྱི་ལོ་ ༢༠༡༩ ལོར་འཛམ་གླིང་ནང་གི་རང་དབང་།”ཞེས་པའི་སྙན་ཐོ་ཞིག་བཏོན་པ་དེའི་ནང་དུ་བོད་ནི་འཛམ་གླིང་ནང་ཆོས་དད་དང་ཆབ་སྲིད། འགྲོ་བ་མིའི་ཐོབ་ཐང་ཆེས་ཞན་ཤོས་ཡིན་པའི་ཐོ་གཞུང་ནང་བཀོད་འདུག
ལྷག་པར་རྒྱ་ནག་གཞུང་གིས་སྤོབས་པ་ཆེན་པོས་ཐོག་ནས་བོད་ནང་དུ་དཔལ་འབྱོར་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་སྤེལ་ཚུལ་ཆེ་ཆེར་བསྒྲགས་པ་དེར་བསམ་ཞིབ་བྱེད་སྐབས་རང་དབང་ཁང་པའི་སྙན་ཐོའི་ནང་དུ། “རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་སྲིད་བྱུས་དེས་རྒྱ་རིགས་བོད་ནང་གནས་སྤོ་བྱ་རྒྱུར་བརྒྱུད་སྐུལ་བྱེད་བཞིན་འདུག དེ་ལ་བརྟེན་ནས་བོད་མི་རྣམས་གྲངས་ཉུང་དུ་གྱུར་ནས་དཔལ་འབྱོར་གྱི་ཁེ་ཕན་ཕལ་ཆེ་བ་རྒྱ་རིགས་ཚོར་ཐོབ་བཞིན་འདུག མི་སེར་སྤེལ་བའི་རིང་ལུགས་འོག་དབང་སྒྱུར་བ་པོས་དབང་སྒྱུར་བྱེད་སའི་མི་མང་ཐོག་བཤུ་གཞོག་གཏོང་སྐབས་དཔལ་འབྱོར་ཡར་རྒྱས་ལ་སྙད་འདོགས་བྱེད་བཞིན་ཡོད་སྟབས། རྒྱ་ནག་གཞུང་གི་བྱེད་བབ་དེ་དང་མཚུངས་པ་ཞིག་རེད། ” ཅེས་འཁོད་ཡོད། རྒྱ་ནག་གཞུང་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་ཀྱི་འཛུགས་སྐྲུན་ལས་གཞི་རྒྱ་ཆེ་སྤེལ་ཚུལ་བཤད་པ་དེའང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁ་ཤས་ནང་ཙམ་ཡིན་པ་དང་། ས་ཁུལ་དེ་དག་ནང་དུའང་བོད་མི་ལས་རྒྱ་རིགས་མི་འབོར་མང་བ་ཡོད་སྟབས། རྒྱ་ནག་གཞུང་གིས་རང་དོན་རང་གཅེས་ཟེར་བའི་དཔེ་ལྟར། དོན་དངོས་རྒྱ་རིགས་མི་འབོར་ལ་དམིགས་པ་ཞིག་ལས་བོད་མི་ཚོར་དམིགས་པ་ཞིག་མ་རེད།
རྒྱ་རིགས་ཁོར་ཡུག་ཉམས་ཞིབ་པས་གཙོས་ཁོར་ཡུག་ཆེད་ལས་པ་ཚོས་མཐོ་སྒང་བོད་ནི། འཛམ་གླིང་གི་སྣེ་གསུམ་པ་ཞེས་ལྷོ་བྱང་གི་སྣེ་གཉིས་ཕུད་འཛམ་གླིང་ནང་འཁྱགས་རོམ་གྱི་ཆུ་མཛོད་ཆེ་ཤོས་བོད་ཡིན་པ་ཡང་ཡང་གསལ་འདོན་གནང་ཡོད། ཉམས་ཞིབ་པ་དེ་དག་གིས་བརྗོད་པ་ལྟར་ན། བོད་ནང་དུ་ཤིང་སྣ་གཅོད་བྲེག་དང་། གྲོང་ཁྱེར་རྒྱ་སྐྱེད། གཞུང་ལམ་གསར་བཟོ་དང་། ཆུ་མཛོད་གསར་རྒྱག གློག་ཁང་གསར་འཛུགས་སོགས་ཀྱི་ལས་གཞི་དེ་དག་ཧ་ཅང་རྒྱ་ཆེ་སྤེལ་བར་བརྟེན་མཐོ་སྒང་བོད་ཀྱི་ས་གཞིའི་བཀོད་པ་ཚུན་ལའང་འགྱུར་བ་ཆེན་པོ་བཟོ་བཞིན་ཡོད་པ་བརྗོད་ཡོད།
རྒྱ་ནག་གཞུང་གིས་བོད་ཐོག་བཏོན་པའི་རྒྱབ་ཤ་དཀར་པོའི་ནང་ཁོར་ཡུག་སྐོར་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༨ ལོར་ལན་འདེབས་གསལ་བཤད་ཀྱི་སྙན་ཐོའི་ནང་དུ། བོད་དུ་གཏེར་ཁ་སྔོག་འདོན་ལས་གཞི་ཚུལ་མཐུན་མ་བྱས་པ་དང་། འཛུགས་སྐྲུན་ཡར་རྒྱས་ལ་སྙད་ནས་ཚུལ་མིན་ཐོག་གཞི་རྒྱ་ཆེ་བའི་ལས་གཞི་སྤེལ་བའི་ཉེར་ལེན་ལ་བརྟེན་ནས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་གནོད་སྐྱོན་ཚབས་ཆེ་བཏང་བ་དང་། ཕྱོགས་མཚུངས་སྙན་ཐོ་དེའི་ནང་དུ་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཐད་བསམ་ཤེས་རྩ་བ་ནས་མ་བྱས་པ་གསལ་པོར་འཁོད་འདུག ལྷག་པར་མའོ་ཙེ་ཏུང་གིས་”མིས་རང་བྱུང་ཁམས་ལ་དབང་སྒྱུར་ཐུབ་དགོས་”ཟེར་བ་དོན་གྱིས་དབེན་པའི་དཔའ་གཏམ་དེ་དག་ལ་བརྟེན་ནས་ཁོར་ཡུག་གཏོར་བཤིག་དེ་བས་ཆེ་རུ་གཏོང་བཞིན་ཡོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༨ ལོར་སྙན་ཐོ་བཏོན་པའི་ནང་དུ། བོད་ནང་ལས་ཀ་བྱེད་ས་དང་ལས་བྱེད་བསྐོ་འདེམས་སོགས་བྱེད་སྐབས་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་བརྟེན་ནས་བོད་མི་ཚོར་གྱོང་གུན་ཧ་ཅང་ཕོག་བཞིན་པའི་གནས་སྟངས་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་རིགས་དབྱེ་འབྱེད་འགོག་ཐབས་ཚོགས་ཆུང་ལ་སེམས་འཚབ་ཆེན་པོ་ཡོད་སྐོར་གསུང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་རྒྱབ་གཉེར་བསམ་འཆར་ཁག་གཅིག་གནང་བའི་ནང་། བོད་མི་ཚོར་རྒྱ་རིགས་དང་གཅིག་མཚུངས་ཀྱི་མི་སེར་ལག་འཁྱེར་ཐོབ་ཐང་སྤྲོད་དགོས་པ་དང་། བོད་མི་ཚོར་བོད་རང་སྐྱོང་ལྗོངས་ཙམ་མ་ཟད། བོད་ཀྱི་ས་ཁུལ་གཞན་ཁག་དང་། ཕྱི་རྒྱལ་བཅས་ནང་དམ་བསྒྲགས་རྩ་བ་ནས་མེད་པར་རང་དབང་ཐོག་ནས་འགྲོ་སྐྱོད་ཆོག་པའི་ཐོབ་ཐང་སྤྲོད་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
སྔ་ལོའི་ཕྱི་ཟླ་ ༩ ནང་ཡུ་རོབ་གྲོས་ཚོགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་ཚོགས་ཆུང་གིས་འཛམ་གླིང་ནང་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཚབས་ཆེ་ཤོས་བྱེད་མཁན་དེ་རྒྱ་ནག་གཞུང་ཡིན་པ་ར་སྤྲོད་གནང་འདུག གྲོས་ཚོགས་ཀྱི་ཚོགས་ཆུང་དེས་བོད་རང་སྐྱོང་ལྗོངས་དང་བོད་རིགས་གནས་སྡོད་ས་ཁུལ་གཞན་དུ་བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་གིས་སུན་གཙེར་དང་དམ་བསྒྲགས་ཚབས་ཆེ་བྱེད་བཞིན་པ་དེར་སེམས་འཚབ་ཧ་ཅང་ཡོད་པ་གསུང་ཡོད། ཐེངས་འདིར་རྒྱབ་ཤ་དཀར་པོ་ཟེར་བའི་ནང་བོད་རང་སྐྱོང་ལྗོངས་ཙམ་མ་གཏོགས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་གཞན་རྣམས་མཚོ་སྔོན་དང་སི་ཁྲོན། ཀན་སུ། ཡུ་ནན་བཅས་ནང་ཟླ་སྒྲིལ་བཏང་ཟིན་པའི་ས་ཁུལ་དེ་དག་ནང་བོད་མིའི་མི་འབོར་བརྒྱ་ཆ་གསུམ་ཆ་གཉིས་ཡོད་པ་དེ་དག་སྣང་མེད་བཏང་ཀྱང་བྱེད་པའི་བྱེད་སྟངས་དེ་བློ་ཕམ་གྱི་རང་བཞིན་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུང་དོན། “བཅིངས་བཀྲོལ་མིང་གི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་མི་སེར་སྤེལ་བའི་རིང་ལུགས་ལག་བསྟར་བྱེད་ས་ཞིག་ཏུ་བསྒྱུར་ཡོད་པ་མ་ཟད། ད་ལྟ་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་འདོད་བབ་རྩ་བ་ནས་མེད་བཞིན་དུ་བཙན་པོའི་དབང་སྒྱུར་འོག་ནས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་དུས་རྟག་ཏུ་ཡང་དག་པའི་སྲིད་བྱུས་ཤིག་ཡིན་པ་སྒྲུབ་ཐབས་བྱེད་བཞིན་ཡོད། སྤྱིར་ཨེ་ཤི་ཡའི་རྒྱལ་ཁབ་གཞན་གྱི་གནས་སྟངས་དང་མཚུངས་པར་ “བོད་རྙིང་པ།” ཟེར་བ་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་དང་དེར་བཅོས་འགྱུར་དགོས་པ་བོད་མིས་ཀྱང་ངོས་འཛིན་གནང་ཡོད། འོན་ཀྱང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་དེར་རྒྱ་ནག་གཞུང་གིས་ “ཞིང་བྲན་ལམ་ལུགས།” ཟེར་བའི་མིང་བཏགས་པ་དེ་ནི་དངོས་བདེན་ཞིག་རྩ་བ་ནས་མིན་སྟབས་ཐ་སྙད་དེ་ནོར་བ་ཞིག་རེད། “ཅེས་གསུངས།