ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༤ རེས་གཟའ་ཉི་མ།
༄༅། །རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་བྲལ་བ་ཞེས་ཡང་ཡང་སྙོན་འཛུགས་བྱེད་བཞིན་ཡོད། གལ་ཏེ་ང་ཚོས་རྒྱ་ནག་འགོ་ཁྲིད་ཚོའི་བྱེད་བབ་དང་སྐད་ཆ་ཤོད་སྟངས་ལ་ཉམས་ཞིབ་ཡག་པོ་གནང་བ་ཡིན་ན་ཁ་བྲལ་བ་ངོ་མ་ཁོ་པ་ཚོ་ཡིན་པ་ཤེས་རྟོགས་ཐུབ་རྒྱུ་རེད། དེ་ཡང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་ཚན་པ་གོ་ལའི་དུས་བབ་ Global Times ཟེར་བའི་ནང་ཆེད་རྩོམ་ཞིག་སྤེལ་བའི་ནང་འཁོད་དོན། ” ཏཱ་ལའི་བླ་མའི་ཁ་བྲལ་གྱི་དམིགས་ཡུལ་དེར་པེ་ཅིང་གིས་གདོང་ལེན་མུ་མཐུད་བྱ་རྒྱུ་རེད།”ཟེར་བ་དེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐད་ཀར་མཚན་སྨད་ཞུས་པ་ཞིག་རེད།
སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུ་ཡིང་ཇེ་ཟེར་བས་”ཏཱ་ལའི་བླ་མས་བོད་མིར་ཕན་པའི་ལས་དོན་སྣ་གཅིག་བྱས་མེད།” ཟེར་བ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱལ་ཁབ་ཁ་བྲལ་གཏོང་མཁན་ཉེན་ཚབས་ཅན་ཞིག་ཡིན་སྐོར་མཚན་སྨད་དང་སྙོན་འཛུགས་སྣ་ཚོགས་ཞུས་ཡོད། ཚོགས་ཆེན་དེ་འདྲའི་ཐོག་རྒྱ་ནག་འགོ་ཁྲིད་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་ལྟ་བུའི་མཚན་སྨད་ཞུས་པ་དེས་གཞིས་བྱེས་བོད་མིའི་སེམས་ཁམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མི་ཚོས་དད་གུས་ཧ་ཅང་ཞུ་བཞིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་མགོན་པོ་གང་ཉིད་ཀྱི་འཚེ་མེད་ཞི་བ་གོང་སྤེལ་གཏོང་གནང་མཛད་པའི་རླབས་ཆེན་གྱི་མཛད་བཟང་ལ་ངོས་འཛིན་དང་། ཆེ་མཐོང་རྒྱ་ཆེ་ཞུ་བཞིན་པའི་སྐབས་འདིར་ཝུ་ཡིང་ཇེས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་དེ་གླེན་རྟགས་རང་རེད། གཅིག་བྱས་ན་བྱེད་བབ་དེ་ནི་ཆེད་མངགས་བོད་རྒྱ་འབྲེལ་མོལ་ཡོང་རེ་མེད་པའི་རྣམ་འགྱུར་བཏོན་པ་ཞིག་ཡིན་པར་རྩི་ཆོག གང་ལྟར་ཡང་བྱེད་བབ་དེ་ནི་བོད་རྒྱ་མི་རིགས་གཉིས་དབར་དབྱེན་དཀྲུག་བཟོ་ཆེད་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༧༤ ཙམ་ནས་རྒྱ་ནག་གཞུང་དང་ལྷན་བོད་ཀྱི་གནད་དོན་གསལ་ཆེད་གཉིས་སྨན་དབུ་མའི་ཐབས་ལམ་ཞིག་དགོངས་བཞེས་མཛད་ཡོད། ཕྱིས་སུ་ “དབུ་མའི་ལམ་གྱི་སྲིད་བྱུས་” ཞེས་རྒྱལ་སྤྱིའི་ཁྱོན་དུ་ཡོངས་གྲགས་ཆགས་ཡོད། སྲིད་བྱུས་དེ་ཉིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱིས་གཏན་ལ་ཕབ་པ་ཞིག་དང་། བཀའ་ཤག་གིས་བོད་རྒྱའི་དཀའ་རྙོག་སེལ་བར་འོས་ཤིང་འཚམས་པའི་ཐབས་ལམ་ཞིག་ཀྱང་ཆགས་ཡོད།
ཕྱི་ལོ་ ༢༠༠༨ ལོར་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རང་ཕྱོགས་ནས་རྒྱ་ནག་འགོ་ཁྲིད་ཚོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་ཡོད། སྲིད་བྱུས་འདིའི་འོག་བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད།
བསམ་འཆར་དེའི་ནང་འཁོད་དོན་ལྟར་ན། “གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ནི་བོད་མི་རིགས་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྙིང་དོན་དང་མི་འགལ་བའི་ཐོག་ནས་རང་སྲིད་རང་སྐྱོང་གི་གནས་བབ་མིང་དོན་མཚུངས་པ་ཞིག་ཐོབ་ཐབས་བྱ་རྒྱུ་དེ་ཡིན་ཞིང་། དེ་ནི་བོད་རྒྱ་གཉིས་ཀའི་འཕྲལ་ཕུགས་ཀྱི་ཁེ་ཕན་ལ་གཞི་བཅོལ་བ་ཞིག་ཡིན། “ཞེས་འཁོད་ཡོད།
ང་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་རྩོད་རྒྱུ་མིན་པའི་ཆོད་སེམས་རྒྱུན་སྐྱོང་བྱེད་བཞིན་ཡོད། ང་ཚོས་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་ཆེད་འབད་བརྩོན་བྱེད་བཞིན་པ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ཡིན།
བསམ་འཆར་ཡིག་ཆའི་ནང་བོད་མིའི་མངོན་འདོད་དང་གཞི་རྩའི་དགོས་མཁོ་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་དང་མཐུན་པ་ཞིག་ཡིན། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ནས་ཁ་བྲལ་རྩ་བ་ནས་རྩོད་ཀྱི་མེད།
རྒྱ་རིགས་མཁས་དབང་དང་ཤེས་ལྡན་མི་སྣ། གསར་འགོད་ལས་རིགས་ནང་ཡོད་པའི་མི་སྣ། མང་ཚོགས། རྩོམ་པ་པོ་བཅས་བསམ་འཆར་ཡིག་ཆ་དེ་བཀླགས་མྱོང་མཁན་སུ་འདྲ་ཞིག་ཡིན་རུང་བསམ་འཆར་དེར་ཡིད་སྨོན་དང་བསྔགས་བརྗོད་ཞུ་བཞིན་པ་མ་ཟད། རྒྱ་མི་རིགས་མང་དག་ཅིག་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུས་ཡོད། ལྷག་པར་རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱས་མིན་ལ་ལྟོས་མེད་ད་བར་རྒྱ་རིགས་མཁས་དབང་ཁག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པའི་རྩོམ་ཡིག་ ༩༠༠ ལྷག་སྤེལ་ཟིན། ཕྱོགས་མཚུངས་སྲིད་གཞུང་ཁག་གི་དབུ་ཁྲིད་དང་རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་རྒྱ་མི་རིགས་གཉིས་སྨན་གྱི་སྲིད་བྱུས་དེར་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད།
འོན་ཀྱང་བློ་ཕམ་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་མིའི་བསམ་འཆར་དེར་བསམ་ཤེས་བྱ་རྒྱུའི་ཚབ་ཏུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་བྲལ་བ་ཞེས་མུ་མཐུད་མཚན་སྨད་ཞུ་བཞིན་ཡོད། རྒྱ་ནག་གཞུང་གིས་ཆེད་མངགས་བོད་མིས་བཏོན་པའི་བསམ་འཆར་ཡིག་ཆ་དེར་འཁྱོག་བཤད་དང་སྐྱོན་བརྗོད་བྱེད་བཞིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་པའི་བྱེད་བབ་དེས་བོད་རྒྱའི་མི་རིགས་གཉིས་དབར་མི་མཐུན་པའི་འགལ་ཟླ་ཆེ་ཆེར་བཟོ་ཐབས་བྱས་པ་ཞིག་རེད།
བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་གནད་དོན་གསལ་ཆེད་རྒྱ་ནག་དང་བཟང་ཕྱོགས་ཀྱི་ཁོར་ཡུག་སྐྲུན་ཐབས་བྱེད་བཞིན་ཡོད། འོན་ཀྱང་རྒྱ་ནག་འགོ་ཁྲིད་ཚོས་དེ་ལས་ལྡོག་སྟེ་བོད་མིའི་སེམས་ཁམས་ལ་དོ་ཕོག་གཏོང་རྒྱུའི་ལས་རིགས་སྣ་ཚོགས་སྤེལ་བཞིན་ཡོད། དེར་བརྟེན་ཁ་བྲལ་བ་ངོ་མ་སུ་རེད་འདུག
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཝུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་བོད་མིར་ཕན་པའི་ལས་དོན་སྣ་གཅིག་ཀྱང་བྱས་མེད་ཟེར་བའི་སྙོན་འཛུགས་བྱས་པ་དེར་མཚོན་ན། ཆིངས་ཡིག་དོན་ཚན་བཅུ་བདུན་བཙན་འོག་ཏུ་བཞག་པ་ནས་བཟུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གི་རང་ཤེད་ཆེ་བའི་བྱེད་བབ་ལ་བསྟུན་མཁས་གང་ཐུབ་མཛད་ཡོད།
ལོ་ངོ་ ༦༠ རིང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པར་མིང་གི་ལྷག་མར་གཏོང་ཐབས་བྱས་ཀྱང་བོད་མིའི་ཆོས་དང་རིག་གཞུང་དེ་དག་མུ་མཐུད་རྒྱུན་འཛིན་དར་འཕེལ་ཐུབ་པ་བྱུང་ཡོད། དེ་ནི་གཙོ་བོ་གཞིས་ལུས་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་དུ་ངལ་བ་དུ་མ་ཁྱད་དུ་གསད་པའི་རླབས་ཆེན་གྱི་མཛད་བཟང་ཉག་གཅིག་ལས་བྱུང་བ་ཞིག་ཡིན། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་དམ་བསྒྲགས་ཇི་ཙམ་བྱས་ཀྱང་བོད་མི་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་བའི་དབུ་ཁྲིད་ལམ་སྟོན་འོག་སྙིང་སྟོབས་ནམ་ཡང་ཞུམ་པ་མེད་པའི་ཐོག་ནས་འཐབ་རྩོད་རྒྱུན་སྐྱོང་བྱེད་བཞིན་ཡོད། རྒྱ་མིས་བོད་ནང་རྩ་མེད་གཏོང་བཞིན་པ་དེ་དག་བོད་མི་བཙན་བྱོལ་བ་རྣམས་ཀྱིས་བཙན་བྱོལ་དུ་བསྐྱར་གསོ་བྱེད་བཞིན་ཡོད།
རྒྱ་ནག་གཞུང་གིས་རྒྱ་ནག་མི་དམངས་ཚོར་མང་གཙོའི་ཐོབ་ཐང་མ་སྤྲད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད། འོན་ཀྱང་བོད་མི་བཙན་བྱོལ་བ་རྣམས་ཀྱིས་མང་གཙོའི་ལམ་ལུགས་ཚད་ལྡན་ཞིག་གཏན་འབེབས་འོག་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད།
གལ་ཏེ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་དོན་དམ་གྱིས་བོད་མིའི་དཀའ་ངལ་སེལ་འདོད་ཡོད་ཚེ་ཐོག་མར་རྒྱ་ནག་འགོ་ཁྲིད་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་མཚམས་གཞག་དགོས། རྒྱ་ནག་བཅིངས་བཀྲོལ་དམག་མིའི་མེ་མདའི་སྡིགས་རའི་འོག་ཕྱི་ཚུལ་དུ་བོད་མི་རྣམས་བྱ་རྒྱུ་གང་ཡང་མེད་པར་ཁ་ཁུ་སིམ་པོར་གནས་ཀྱང་། བསམ་བློའི་ནང་བསྟན་དགྲ་རྒྱ་དམར་ཟེར་བ་ལྟར་རེད་འདུག་བསམ་པའི་ཡིད་ཆེས་ཆེ་རུ་འགྲོ་ངེས་ཡིན།
༼ གོང་གི་བསམ་ཚུལ་འདི་དྲིལ་བསྒྲགས་དྲུང་འཕར་ཚེ་དབང་རྒྱལ་པོ་ལགས་ཀྱི་བསམ་ཚུལ་ལས་བོད་མིའི་སྒྲིག་འཛུགས་ཀྱི་བསམ་ཚུལ་ཡིན་པའི་ཁྱབ་པ་མེད། ༽