ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ཉིན་ཡུ་རོབ་གྲོས་ཚོགས་ནང་བོད་དང་ཡུ་གུར་ནང་གི་ངལ་རྩོལ་སྒྱུར་བཀོད་ར་བའམ་ཆབ་སྲིད་སློབ་གསོ་བཅོས་སྒྱུར་ཁང་Re-education camps ཐོག་ཆུ་ཚོད་གཉིས་ཙམ་རིང་ཚོགས་འདུ་ཞིག་ཚོགས་འདུག
དེ་ཡང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Thomas Mann མཆོག་གི་གཙོ་སྐྱོང་འོག་ཚོགས་འདུ་དེ་བཞིན་སྡེ་ཚན་གཉིས་ལ་དབྱེ་ནས་ཚོགས་ཡོད་པ་དང་། སྡེ་ཚན་དང་པོ་རྒྱ་ནག་ནང་གི་གནས་སྟངས་སྐོར་བཞུགས་མོལ་ཚོགས་འདུ་ཚོགས་ཡོད། ཚོགས་འདུ་དེའི་ཐོག་ཕ་རན་སིའི་གསར་འགོད་པ་གྷོ་ཐེར་ Ms Ursula Gauthier ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ Mr. Vincent Metten ལགས། འཛམ་གླིང་ཡུ་གུར་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་དོལ་ཀུན་ཨི་ས་ Dolkun Isa ལགས། རྒྱ་ནག་ཐོག་ཆེད་མཁས་པ་ལྕམ་ཝ་ནེ་ས་ Ms Vanessa Frangville ལགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ International Society for Human Rights ཚོགས་མི་སྐུ་ཞབས་མན་ཡན་ Mr Man-Yan Ng ལགས་བཅས་ནས་གསུང་བཤད་གནང་།
སྡེ་ཚན་གཉིས་པ་ཡུ་རོབ་སྤྱི་མཐུན་ཚོགས་པས་བརྡ་ལན་ཅི་ཞིག་གནང་དགོས་ཞེས་པའི་སྐོར་བཞུགས་མོལ་ཚོགས་འདུ་ཚོགས་ཡོད། ཚོགས་འདུའི་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་མི་སྦལ་ཌར་Belder ལགས་དང་། ཐོ་མ་སི་མན་Mann མཆོག ཧོལ་ཛི་མན་Ms Marie Holzman ལགས། རྒྱལ་མཚམས་མེད་པའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ངེས་སྟོན་པ་གཞོན་པ་ལེའ་Ms Lea Perekrests,Human Rights Without Frontiers ལགས། ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཚོགས་ཆུང་President of European Economic and Social Committee གི་འགན་འཛིན་ཟུར་པ་སྐུ་ཞབས་ཧན་རི་ Mr Henri Malosse ལགས་བཅས་ནས་གསུང་བཤད་གནང་ཡོད།
ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་མཆོག་གིས་ཚོགས་འདུ་ངོ་སྤྲོད་གསུང་བཤད་སྐབས་བོད་ནང་གི་གནས་སྟངས་དང་། རང་ཉིད་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ པའི་ཐོག་མཉམ་ཞུགས་གནང་བའི་སྐོར། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ་སོགས་ཀྱི་སྐོར་གསུང་བཤད་གནང་།
སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ལགས་ཀྱིས། དེ་སྔ་བོད་རང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེང་ཆུང་གོ་ Chen Quanguo ཡིས་བོད་རང་ལྗོངས་ནང་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་དང་། ད་ལྟ་ཁོང་གིས་ཤར་ཏུར་ཀི་སི་ཐན་ནང་དེ་ལྟར་དམ་བསྒྲགས་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་གསུངས།
རྒྱ་ནག་ཐོག་ཆེད་མཁས་པ་ལྕམ་ཝ་ནེ་ས་ལགས་ཀྱིས་ཤར་ཏུར་ཀི་སི་ཐན་ནང་གི་ངལ་རྩོལ་སྒྱུར་བཀོད་ར་བའམ་ཆབ་སྲིད་སློབ་གསོ་བཅོས་སྒྱུར་ཁང་གི་སྐོར་གསུངས།
སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་མཆོག་དང་ཡུ་རོབ་གྲོས་ཚོགས་སོགས་ཀྱིས་ད་བར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་བོད་དོན་ཆེད་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་ལོ་ངོ་ ༦༠ རིང་འཚོ་གནས་ཐུབ་ཡོད། ཅེས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །