ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༨ རེས་གཟའ་པ་སངས།
༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༨ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མིའི་འགོག་རྒོལ་གྱི་ལོ་ངོ་ ༦༠ ཐམ་པ་བཞེས་པའི་པར་རིས་འགྲེམས་སྟོན་གྱི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་དང་། བཞུགས་སྒར་རྡ་ས་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་སོགས་ཕེབས་ཡོད། དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་བ་དང་སྦྲགས་པར་རིས་ལ་གཟིགས་ཞིབ་གནང་། དེ་རྗེས་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ནས་མཛད་སྒོ་ངོ་སྤྲོད་གསུང་བཤད་གནང་རྗེས། ཕྱི་དྲིལ་དྲུང་ཆེ་དག་པོ་བསོད་ནམ་ནོར་བུ་ལགས་ཀྱིས་པར་རིས་འགྲེམས་སྟོན་དང་འབྲེལ་ནས་གསུང་བཤད་གནང་དོན། ད་ལྟ་བོད་ཀྱི་པར་རིས་འགྲེམས་སྟོན་གནང་བཞིན་པ་དེ་དུས་ཀྱི་ཆ་ནས་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་གིས་ཕྱི་ལོ་ ༡༠༤༩ ལོར་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་བདུན་ཅུ་འཁོར་གྱི་ཡོད་པ་དང་། བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་ནས་ལོ་དྲུག་ཅུ་འཁོར་གྱི་ཡོད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ལོ་ངོ་༡༡ འཁོར་གྱི་ཡོད། དེར་བརྟེན་དུས་ཚིགས་ཀྱི་ཆ་ནས་པར་རིས་འགྲེམས་སྟོན་གནང་བ་དེ་གལ་ཆེན་པོ་ཆགས་ཡོད།
པར་རིས་ཀྱི་ལམ་ནས་དངོས་ཡོད་ཀྱི་གནས་ཚུལ་དེ་བདེན་པ་ར་འཕྲོད་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སྔ་དྲོ་རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་ནང་གི་རྒྱལ་གཅེས་པ་རྣམས་རྗེས་དྲན་སླད་གསུམ་བརྒྱད་ཀྱི་མཆོད་འབུལ་སྨོན་ལམ་དང་སྟབས་བསྟུན་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཚན་པས་བོད་མིའི་རང་དབང་སྒེར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་ཕྱི་ལོ་ ༡༩༥༩ ནས་ད་བར་གྱི་ཆབ་སྲིད་བཙོན་པ་འདས་གསོན་ཡོངས་ཀྱི་སྐུ་ཚབ་བློ་བཟང་ཡོན་ཏན་ལགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགན་འཛིན་ངག་དབང་འོད་འབར་ལགས་དང་ཟླ་བ་ལགས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ལ་གུས་བརྩི་ཞུས་པའི་ཐོག་ནས་དེ་རིང་འདིར་ཕེབས་མཁན་ཡོངས་ལ་ཞུ་རྒྱུར།
དེ་རིང་འདིར་འགྲེམས་སྟོན་གོ་སྒྲིག་ཞུ་དགོས་དོན་ནི། ཕྱི་ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༠ ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དབྱར་ཁའི་ཕོ་བྲང་ནོར་བུ་གླིང་ཁའི་རྒྱལ་སྒོ་མདུན་དུ་བོད་མི་རྣམས་མ་བགྲོས་བསམ་པ་གཅིག་མཐུན་ཐོག་རང་དབང་སྒེར་ལངས་བྱས་པ་དང་། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བུད་མེད་རང་སྒེར་ལངས་བྱུང་བ་རེད། དེ་དང་ཕྱོགས་མཚུངས་བོད་ནང་ལས་འགུལ་སྣ་མང་ཏན་ཏན་བྱུང་ཡོད། ང་ཚོས་མ་ཤེས་པ་ཁྲི་ཚོ་མང་པོ་ཡོད་རེད་བསམ་གྱི་འདུག ཕྱིས་སུ་གལ་ཆེ་བ་ཞིག་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་གྲོས་འཆར་དོན་ཚན་ལྔ་སྟོན་པ་དང་།
རྒྱ་ནག་གཞུང་གིས་ཁྱོག་བཤད་ལ་མི་འདོད་པའི་རྣམ་པ་བསྟན་པར་བོད་ནང་ཞི་རྒོལ་བྱུང་བ་དང་། དེ་བཞིན་ཕྱི་ལོ་ ༡༩༨༧ ཟླ་ ༡༠ ཚེས་ ༡ ཉིན་སྐུ་ཞབས་བྱམས་པ་བསྟན་འཛིན་ལགས་ཀྱིས་སྐད་འབོད་གནང་བ། དེ་དང་ཕྱོགས་མཚུངས་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༥ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཞི་རྒོལ་བྱུང་བ་སོགས་དེ་འདྲའི་ལས་འགུལ་མང་པོ་སྤེལ་ཡོད། བོད་ནང་རྒྱལ་གཅེས་པ་རྣམས་ཀྱིས་སོ་སོའི་སྲོག་ཚུན་ཆད་བློས་བཏང་སྟེ་ལས་འགུལ་སྤེལ་བ་དེ་ང་ཚོས་རྗེས་དྲན་ཞུ་ཡི་ཡོད་པ་རེད། དེ་བཞིན་ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བོད་རིགས་སློབ་མ་ཚོས་ལས་འགུལ་སྤེལ་ཡོད། དེ་རྗེས་བོད་ས་ཁྱོན་ཡོངས་ལ་དྲག་པོའི་དམག་ཁྲིམས་བསྡམས་ཏེ་བོད་ནང་དཀའ་ངལ་ཆེན་པོ་ཆགས་པ་མ་ཟད། ལྷག་པར་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་དེ་བྱུང་ཡོད། དེང་སང་དྲ་རྒྱའི་དུས་རབས་ཡིན་པས། དྲ་རྒྱ་བརྒྱུད་པར་རིས་འགྲེམས་སྟོན་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་བ་དང་འབྲེལ། པར་རིས་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས། །