ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༦ རེས་གཟའ་མིག་དམར།
༄༅།།བོད་དོན་ཐོག་དུས་ཡུན་རིང་པོའི་རིང་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ཡོ་ལན་ཌེ་ Yolande Caumont ལགས་ཀྱི་གོ་སྒྲིག་འོག་ཉེ་དུས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་། སྦར་སིལ་དོན་ཁང་ཁྱབ་ཁོངས་པེ་རི་སིའི་འབྲེལ་མཐུད་པ་རྣམ་རྒྱལ་བསམ་གྲུབ་ལགས་རྣམ་གཉིས་ཕ་རན་སིའི་གྲོང་ཁྱེར་ཨ་མེན་སི་ Amiens ནང་ཕེབས་གནང་བ་དང་སྦྲགས། སོམ་མེ་ Somme གྲོས་ཚོགས་གོང་མའི་འཐུས་མི་ཁི་རི་སི་ཊིན་ Christian Manable མཆོག་དང་། ཝེར་སི་སུར་སེ་ལེ་ Vers Sur Selle ལགས། གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ Edouard Dussart ལགས་དང་ཕྱག་རོགས་ཁག་གཅིག དེ་བཞིན་ཨ་མེན་སི་ Amiens གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་བྷི་རི་གྷི་ཊེ་ Brigitte Foure ལགས་བཅས་དང་མཇལ་འཕྲད་གནང་ཡོད།
ཝེར་སི་སུར་སེ་ལེ་གྲོང་སྡེ་ཡིས་འདས་པའི་ལོ་མང་པོ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་བདེ་ཆེན་རྫོང་བདག་སྐྱོང་གནང་བཞིན་པ་མ་ཟད། ཝེར་སི་སུར་སེ་ལེ་གྲོང་སྡེའི་ཚོགས་ཁང་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་ཡོད། ཁོང་རྣམ་པ་མཇལ་འཕྲད་སྐབས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་ནི་དཀྱིལ་ཤར་ཡུལ་གྲུ་སི་རི་ཡའི་ Syria རྗེས་སུ་རང་དབང་མེད་པའི་དམ་དྲག་ཆེ་ཤོས་དེ་ཡིན་པ་མ་ཟད། བྱང་ཀོ་རི་ཡ་ལས་ལྷག་གསར་འགོད་པ་སོགས་འགྲུལ་བསྐྱོད་ཐོག་དམ་དྲག་ཡོད་པ་གསུང་ཞིང་།
སྤྱིར་ཕྱི་ལོ་ ༢༠༡༨ ལོ་དེ་བཞིན་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་ཡུལ་སྐོར་སྤྲོ་འཆམ་གྱི་ལོར་སྲུང་བརྩི་བྱས་ཡོད་ཀྱང་། རྒྱ་ནག་གི་ཐོབ་ཐང་ཆ་ཚང་བླངས་ནས་ཡུ་རོབ་ལ་བོད་དང་ཤར་ཏུ་ཀི་སི་ཐན་བཅས་སུ་འགྲོ་བསྐྱོད་ཐོག་ཐོབ་ཐང་རགས་མེད་སྐོར་གསུངས་འདུག ཕྱོགས་མཚུངས་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཕ་རན་སི་དང་བོད་མིའི་བཟང་ཕྱོགས་ཀྱི་འབྲེལ་ལམ་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་ལས་དོན་གནང་ཕྱོགས་ལ་བསྔགས་བརྗོད་མཛད་བཞིན་ཡོད་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་དང་ཁ་བྲལ་རྩོད་ཀྱི་མེད་སྐོར་སོགས་ངོ་སྤྲོད་གནང་བ་དང་སྦྲགས། གྲོས་ཚོགས་འཐུས་མི་ནས་གྲོས་ཚོགས་སུ་བོད་ཀྱི་གནད་དོན་སྐོར་གླེང་གནང་ཡོང་བ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཛུལ་ཞུགས་ཡོང་བ་སོགས་ཀྱི་རེ་སྐུལ་ཞུས་འདུག
དེ་བཞིན་ཨ་མེན་སི་ Amiens གྲོང་ཁྱེར་ཚོགས་ཁང་དུ་བོད་མིའི་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཆེད་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་འདུག སྐབས་དེར་ཝེར་སི་སུར་སེ་ལེ་དང་ཨ་མེན་སི་གྲོང་ཁྱེར་སོ་སོའི་སྤྱི་ཁྱབ་པ་རྣམ་གཉིས་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་མཉམ་ཞུགས་གནང་ཡོད་པ་བཅས། །