ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ འདི་ནི་བོད་མི་རྣམས་ཀྱིས་རྒྱ་ནག་དབང་འཛིན་པར་ཞི་བའི་ངོ་རྒོལ་བྱས་ནས་ལོ་ངོ་ ༦༠ འཁོར་བའི་དུས་ཚིགས་གལ་ཆེན་ཞིག་ཆགས་ཡོད། དེ་ཡང་ཐོག་མར་ཕྱི་ལོ་ ༡༩༤༩ ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་བྱས་རྗེས་རྒྱ་དམག་གིས་བོད་ས་བཅིངས་གྲོལ་གཏོང་རྒྱུའི་མིང་འདོགས་འོག་བོད་ནང་བཙན་འཛུལ་གྱིས་བོད་ས་ཡོངས་རྗོགས་ཧམ་བཟུང་བྱ་འགོ་བཙུགས་པ་རེད། དུས་དེ་ནས་བཟུང་སྟེ་ལོ་ངོ་དགུ་ལྷག་ཙམ་རིང་སྐབས་དེའི་བོད་གཞུང་དང་༸གོང་ས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་རྒྱ་ནག་དམར་གཞུང་མཉམ་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་འབད་བརྩོན་རིམ་མཐུད་བྱས་ཡོད་ཀྱང་། ༸གོང་ས་མཆོག་དང་བོད་གཞུང་ལ་བཀའ་བསྡུར་བཀའ་འཁྲོལ་གང་ཡང་མེད་པའི་ཐོག་ནས་རྒྱ་དམར་གཞུང་གིས་ང་ཕོད་ངག་དབང་འཇིགས་མེད་ཀྱིས་འགོ་ཁྲིད་པའི་བོད་གཞུང་གི་གྲོས་མོལ་སྐུ་ཚབ་ཚོགས་ཆུང་ལ་བཙན་དབང་འོག་གྲོས་མཐུན་དོན་ཚན་ ༡༧ ཟེར་བའི་ཡིག་ཆར་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་ས་རྟགས་འགོད་དུ་བཅུག་པ་དང་། གྲོས་མཐུན་དོན་ཚན་ ༡༧ ནང་མ་དྲང་བའི་ཕྱོགས་གཅིག་སྟེ་རྒྱ་དམར་གཞུང་གི་དགོས་འདུན་དང་ཁེ་ཕན་ཁོ་ནར་དམིགས་པ་ཞིག་ཡིན་པར་སོང་། བོད་གཞུང་གི་སྐུ་ཚབ་ངོས་ནས་མུ་མཐུད་རྒྱ་དམར་གཞུང་དང་གྲོས་མོལ་བྱ་ཐབས་བྱས་ཀྱང་དོན་འབྲས་མ་སོན་པ་མ་ཟད། བོད་གཞུང་ལ་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་དེ་ངོས་ལེན་ཡོད་པའི་ཡོངས་ཁྱབ་གསལ་བསྒྲགས་བྱེད་དགོས་པའི་ཤུགས་གནོན་ཡང་སྤྲད་མཐར། བོད་གཞུང་གི་གྲོས་མོལ་སྐུ་ཚབ་ཚོགས་ཆུང་ནས་ ༡༩༥༡ ཟླ་ ༩ ཚེས་ ༢༤ ནས་ ༢༦ བར་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་དེ་ཡོངས་ཁྱབ་གསལ་བསྒྲགས་གནང་དགོས་བྱུང་། བོད་གཞུང་གིས་ཆ་རྐྱེན་དོན་ཚན་ ༣ བཏོན་གནང་བར་རྒྱ་དམར་གཞུང་གིས་ངོས་ལེན་གནང་ཚེ་བོད་གཞུང་ནས་གྲོས་མཐུན་དོན་ཚན་ ༡༧ ལ་ངོས་ལེན་གནང་རྒྱུ་ཡིན་པའི་གྲོས་འགོ་བཏོན་པར། རྒྱ་དམར་སྐུ་ཚབ་ཀྱིས་བོད་ས་ཡོངས་རྫོགས་ཟླ་སྒྲིལ་ཆེད་ཟི་ཁྲོན་དང་། ཀན་སུ། ཡུ་ནན། མཚོ་སྔོན་བཅས་སུ་གནས་སྡོད་བོད་རིགས་རྣམས་ནས་བསམ་གྲོས་བསྡུ་ལེན་གྱིས་རྗེས་སུ་ཟླ་སྒྲིལ་བྱ་ཆོག་བརྗོད་པ་དང་། དེ་རྗེས་ནས་རྒྱ་དམར་གཞུང་གི་དམག་མི་ཁྲི་ཚོ་གཉིས་ལྷག་བོད་དབུས་ཁུལ་དུ་བསླེབས་ཏེ་རིམ་གྱིས་བོད་ས་ཡོངས་རྫོགས་རྒྱ་ནག་མི་དམངས་བཅིང་གྲོལ་དམག་དཔུང་གི་དམ་དྲག་འོག་ཚུད་དེ་བོད་ལ་གྲོས་མོལ་བྱ་རྒྱུའི་སྒོ་གཅིག་ཀྱང་མེད་པར་བཟོས་སྟབས། ༸སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མིའི་ཁྲོད་མི་གསོད་ཁྲག་སྦྱོར་རིགས་མི་ཡོང་བ་དང་གྲོས་མཐུན་ནང་གསལ་བོད་དོན་གནད་དོན་ཁག་ལག་བསྟར་ཡོང་ཐབས་བཅས་ཀྱི་སླད་གྲོས་མཐུན་དོན་ཚན་ ༡༧ ཟེར་བར་རྒྱབ་སྐྱོར་མ་གནང་ཐབས་མེད་བྱུང་བ་རེད། རིམ་གྱིས་བོད་ནང་དུ་རྒྱ་དམག་གི་གྲངས་ཚད་སྔར་ལས་མང་དུ་སོང་བས་མ་ཚད་དམག་མི་དེ་དག་འཚོ་གནས་ཕྱིར་བོད་མི་ཁྱིམ་ཚང་དག་གི་བཟའ་འབྲུ་ཕོན་ཆེ་བཙན་དབང་གིས་རྒྱ་དམག་ལ་རྩིས་འབུལ་བྱེད་དུ་བཅུག་པ་དང་། བཟའ་འབྲུའི་རིན་གོང་ལྡབ་བཅུ་སྤར་བ་སོགས་ཀྱིས་བོད་མིའི་འཚོ་བར་དོ་ཕོག་ཆེན་པོ་བཏང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་མི་ཚོས་མི་འདོད་པའི་རྣམ་འགྱུར་ལ་སོགས་ངོ་རྒོལ་གྱི་རྣམ་པ་རིམ་པས་ཇེ་ཆེར་སོང་བ་བཞིན་རྒྱ་དམར་གཞུང་ནས་ཀྱང་དེར་དཔག་པའི་བོད་མིའི་ཐོག་དམ་དྲག་ཆེ་རུ་བཏང་སྟེ་བོད་གཞུང་དང་༸གོང་ས་མཆོག་གི་སྐུ་དབང་ལ་ཐེ་བྱུས་བྱེད་འགོ་བཙུགས་པ་དང་། ཨ་མདོ་དང་ཁམས་ཕྱོགས་ཀྱི་བོད་མི་ཚོའི་འཚོ་བའི་རྟེན་གཞིར་བཙན་དབང་གིས་བསྒྱུར་བཅོས་མང་དག་བྱས། རིག་གཞུང་བསྟི་གནས་མང་པོ་གཏོར་བཤིག་བཏང་། བོད་རྒྱ་གཉིས་དབར་ཟིང་འཁྲུག་རིམ་བྱུང་རྐྱེན་པས་བོད་མི་མང་པོ་དམར་བསད་བཏང་བ་དང་། བཙོན་དུ་བཅུག་རྗེས་མཐོང་རྒྱུ་མེད་པ་དེ་འདྲ་ཡང་མང་པོ་བྱུང་ཡོད། བོད་མིའི་རྒོལ་ཤུགས་རིམ་པས་བོད་དབུས་ཁུལ་དུ་འཕེལ་ཏེ་མཐར་ཐུག་དེར་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་ཡོངས་བོད་མིའི་སྒེར་ལངས་ཆེན་མོ་ཞིག་བྱུང་བ་རེད། དེ་ཉིན་རྒྱ་དམར་གྱིས་བོད་རིགས་སྤུན་ཟླ་མང་པོའི་ཚེ་སྲོག་འཕྲོག་པ་དང་། རྨས་པ། བཙོན་དུ་བཅུག་པ། རྡུང་རྡེག་དྲག་པོ་བཏང་བ་སོགས་དམྱལ་བ་མི་ཡུལ་དུ་མྱངས་པ་ལྟ་བུའི་མནར་གཅོད་བསམ་ཡུལ་ལས་འདས་པ་བཏང་སྟེ་དེ་རིང་གི་ཉིན་མོར་མི་ལོ་ ༦༠ ཧྲིལ་པོ་འཁོར་བཞིན་ཡོད། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་གཙོས་ད་བར་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་དེ་རིང་གི་ཉིན་མོར་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་ཡོངས་ནས་རྗེས་དྲན་དང་། དུས་ད་ལྟའང་བོད་ནང་རྒྱ་ནག་དམར་གཞུང་གི་ངན་པའི་སྲིད་བྱུས་འོག་མནར་གཅོད་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་གསོ་བཅས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༡༩༥༩ ལོའི་རྒྱལ་ཡོངས་སྒེར་ལངས་རྗེས་ནས་འདས་ལོ་དྲུག་ཅུའི་ནང་རྒྱ་ནག་དམར་ཤོག་རིང་ལུགས་པས་བོད་ས་ཡོངས་རྫོགས་དྲག་པོས་ཧམ་བཟུང་བྱས་ཏེ་བོད་མི་ས་ཡ་མང་པོ་དུས་མིན་རྐྱེན་འདས་སུ་བཏང་ཡོད། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་རྩ་མེད་གཏོང་ཆེད་ཐོག་མར་ ༡༩༥༦ ལོར་མང་གཙོ་བཅོས་སྒྱུར་དང་། ༡༩༦༦ ལོ་ནས་རིག་གནས་གསར་བརྗེ། ༡༩༧༩ ནས་ ༡༩༨༥ བར་དཔལ་འབྱོར་སྒོ་དབྱེ། ༡༩༨༦ ནས་ ༡༩༩༡ བར་བོད་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་རྒྱུ་ལོ་ལྔ་ཚན་བདུན་པའི་ལས་འཆར་ལ་སོགས་པའི་སྲིད་བྱུས་འདྲ་མིན་འོག་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་མང་པོ་གཏོར་བཤིག་བཏང་བ་དང་། བོད་མི་ནང་ཁུལ་འཐབ་འཛིང་བྱེད་དུ་བཅུག་སྟེ་ནང་ཁུལ་གསོད་རེས་བྱེད་དུ་བཅུག་པ། ༡༩༦༨ ནས་ ༡༩༧༣ བར་བོད་ནང་སྔར་བྱུང་མ་མྱོང་བའི་མུ་གེ་ཚབས་ཆེ་བྱུང་རྐྱེན་བོད་མི་སྟོང་ཕྲག་ ༣༤༠ ལྷག་ལྟོགས་ཤིར་ཐེབས་སུ་བཅུག་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་སེར་སྣ་མེད་པར་གཏོར་བཅོམ་བཏང་བ་དང་དོ་མི་སྙོམས་པའི་བསྒྱུར་བཅོས་སྣ་ཚོགས་བྱས་པ། རྒྱ་མི་ས་ཡ་མང་པོ་བོད་ནང་འོར་འདྲེན་གྱིས་བོད་དེ་རྒྱ་དམར་གྱི་མི་སེར་སྤེལ་ཡུལ་དུ་བསྒྱུར་ཐབས་བྱས་པ། མདོ་དོན་རྒྱ་དམར་གཞུང་གི་བཙན་དབང་གིས་བོད་མི་རིགས་ཀྱི་ངོ་བོ་འཛམ་གླིང་མཐོ་སྒང་བོད་ནས་རྩ་མེད་དམ་རྒྱ་རིགས་སུ་བསྒྱུར་རྒྱུ་སོགས་ཀྱི་ངན་བྱུས་སྣ་ཚོགས་སྒྲུབ་སླད། རྒྱ་ནག་དམར་ཤོག་གཞུང་འཛིན་པ་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ཉིན་རེ་བཞིན་ཇེ་སྡུག་ཇེ་རྩུབ་ཏུ་བཏང་སྟེ་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་བཟོད་གླགས་མེད་པར་གྱུར་ཏེ་ཆོལ་གསུམ་བོད་མི་ཚོས་སེམས་ཤུགས་དང་སྙིང་སྟོབས་ལ་འཇིགས་ཞུམ་མེད་པར་དམ་ཚིག་གོང་བུ་ཆིག་བསྒྲིལ་གྱི་སྒོ་ནས་བོད་ཀྱི་རྩ་ཆེའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་སླད་རྒྱ་གཞུང་གི་ངན་པའི་སྲིད་བྱུས་ལ་རྣམ་པ་འདྲ་མིན་གྱི་ལམ་ནས་གྱེན་ལངས་རིམ་པ་བྱས་ཡོད།
ཕྱི་ལོ་ ༡༩༨༧ ནང་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་བྱས་པར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་རྐྱེན་བོད་མི་མང་པོ་འཛིན་བཟུང་དང་དམ་དྲག་ཤུགས་ཆེ་བྱས་པ་མ་ཟད། ༡༩༨༩ ཟླ་ ༣ ནང་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས། དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་གསུམ་ཁྱོན་དུ་རྫོང་ཁག་དགུ་བཅུ་ལྷག་ནས་རྒྱ་གཞུང་གི་བཙན་དབང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཆེན་མོ་ཞིག་སྤེལ་ཡོད། སྐབས་དེར་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་དམར་གསོད་བཏང་བ་དང་། རྨས་སྐྱོན་ཕོག་པ། དངུལ་གྱི་ཁྲིམས་ཆད་ཕོག་པ། དེ་བཞིན་མང་པོ་བཙོན་དུ་བཅུག་པ་བཅས་བྱུང་ཡོད། དེ་ནས་བཟུང་རྒྱ་ནག་དམར་ཤོག་གཞུང་འཛིན་པ་ཚོས་བོད་མིའི་ཁེ་ཕན་དང་དགོས་འདུན་སྣང་མེད་དང་ཁྱད་གསོད་མུ་མཐུད་བྱས་པར་སོང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྱོན་བསྡོམས་གྲངས་ ༡༥༣ ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། དེའི་ཁོངས་ནས་རྨས་སྐྱོན་ཕོག་པ་དང་གར་སོང་ཆ་མེད་སོང་བ་གྲངས་ ༢༢ དང་ ༡༣༡ འདས་གྲོངས་སུ་ཕྱིན་པ་བཅས་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། ཡང་སྙིང་རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ད་བར་མི་ལོ་ ༦༠ སོང་བའི་རིང་གཞིས་ལུས་བོད་མི་ཚོར་རང་ཡུལ་ནང་འགྲོ་འདུག་སྤྱོད་གསུམ་གྱི་གཞི་རྩའི་འགྲོ་བ་མིའི་རང་དབང་གི་ཐོབ་ཐང་ཡེ་ནས་མེད་པར་མནར་གཅོད་དྲག་པོ་ཚད་མེད་བཏང་དང་གཏོང་བཞིན་ཡོད།
བཙན་བྱོལ་དུ་འདས་པའི་ལོ་ ༦༠ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་གར་གྱི་ས་ཐོག་ཏུ་༸ཞབས་སོར་འཁོད་པ་ནས་བཟུང་བོད་རྒྱལ་ཁབ་ཀྱི་སྣོད་བཅུད་ཡོངས་སུ་རྫོགས་པའི་ཕུགས་རྒྱང་ལ་ཐུགས་དགོངས་ཆེ་བཞེས་ཀྱིས་རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འཚེ་མེད་ཞི་བའི་སྒོ་ནས་གདོང་ལེན་དང་། བོད་ཀྱི་རིག་གཞུང་བཟང་པོ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། བོད་མིའི་ངོ་བོ་སྲུང་སྐྱོབ་བཅས་ཀྱི་ཆེད་བཙན་བྱོལ་ནང་མང་གཙོའི་ཀ་བ་གསུམ་ལྡན་གྱི་བོད་མིའི་སྒྲིག་འཛུགས་དང་། བོད་མིའི་གཞིས་ཆགས་ཁག དགོན་སྡེ་གྲྭ་ཚང་ཁག ཤེས་ཡོན་དང་རིག་གཞུང་བསྟི་གནས་སློབ་ཁག་བཅས་གསར་འཛུགས་ཀྱིས་བོད་བསྟན་སྲིད་ལ་ཕན་པའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་གནང་བས་ད་སྐབས་བོད་མི་ཤེས་ཡོན་ཅན་གང་མང་བཙན་བྱོལ་དུ་འཚར་ལོངས་ཐུབ་པ་བྱུང་བ་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐུབ་པའི་དགེ་མཚན་ཆེན་པོ་བྱུང་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༧༤ ལོ་ཙམ་ནས་བོད་རྒྱ་གཉིས་ཐད་ཀར་གྲོས་མོལ་གྱིས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་དགོངས་བཞེས་ཡོད་པ་ལྟར། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་དབུ་ཁྲིད་ཏེང་ཞའོ་ཕིང་ནས་བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་བོད་རང་བཙན་ལས་གཞན་པའི་གནད་དོན་གང་གི་ཐོག་ཏུ་གྲོས་མོལ་བྱས་ན་འགྲིགས་པ་དང་། གྲོས་མོལ་གྱི་སྒོ་མོ་ཕྱེས་ཡོད་ཅེས་བརྗོད་ཡོད་སྟབས། འདས་པའི་བོད་ཀྱི་གནས་སྟངས་ཇི་ལྟར་ཡིན་མིན་ལ་མ་ལྟོས་པར་ད་ལྟའི་བོད་ཀྱི་ཛ་དྲག་དཀའ་ངལ་སེལ་ཐུབ་པ་དང་། བོད་རྒྱ་གཉིས་མ་འོངས་པར་ཕུགས་རྒྱང་རིང་པོར་ཞི་བདེ་མཐུན་གནས་ཡོང་བའི་དགོངས་ཡངས་དཀྱེལ་ཆེའི་གཉིས་སྨན་དབུ་མའི་ཐབས་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་རྒྱ་ནག་གཞུང་དང་ཐད་ཀར་བཀའ་མོལ་གྱི་ལམ་ནས་ཐབས་ཤེས་འབད་བརྩོན་ཡོད་རྒུ་གནང་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་འདི་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་ཏུ་བསྒྱུར་ཐབས་བྱེད་པ་དང་བོད་ཁྱོན་ཡོངས་ཀྱི་དཀའ་ངལ་གནས་སྟངས་ཁས་ལེན་མ་བྱས་པར་ཡལ་ཡོལ་འབའ་ཞིག་གིས་དུས་ཚོད་འཕུལ་ཐབས་བྱས་པར་བརྟེན། ཕྱི་ལོ་ ༡༩༨༧ ལོར་བོད་རྒྱ་གཉིས་གྲོས་མོལ་གནང་སླད་གཉིས་སྨན་གྱི་དགོངས་གཞི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་ཞི་བའི་གྲོས་འཆར་དོན་ཚན་ལྔ་བཏོན་གནང་བ་དང་། དེ་རྗེས་ ༡༩༨༨ ལོར་ཕ་རན་སིའི་གྲོང་ཁྱེར་སི་ཏྲས་སི་བག་ཏུ་ཡུ་རོབ་གྲོས་ཚོགས་ཐོག་གོང་གསལ་གྲོས་འཆར་སྐོར་རྒྱས་བཤད་ཀྱི་གསུང་བཤད་གནང་ཡོད། བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཉིད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནས་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ལ་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་ཞིག་དང་། སྲིད་བྱུས་དེ་ཉིད་ལག་ལེན་འཁེལ་ཐབས་སུ་ཕྱི་ལོ་ ༢༠༠༢ ནས་བཟུང་ ༢༠༡༠ བར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་དགུ་དང་ནང་ལུགས་གྲོས་བསྡུར་ཐེངས་གཅིག་བཅས་བྱུང་ཡོད། ༢༠༡༠ ནས་རྒྱ་ནག་གཞུང་གིས་མུ་མཐུད་གྲོས་མོལ་གནང་རྒྱུར་བསམ་ཤེས་གནང་མེད་ཀྱང་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གྲོས་མོལ་གནང་རྒྱུའི་གྲ་སྒྲིག་ཨང་གསར་མུ་མཐུད་གནས་ཡོད་པ་མ་ཟད། བོད་རྒྱའི་དཀའ་རྙོག་སེལ་ཐབས་བཟང་ཤོས་དེ་གྲོས་མོལ་གྱི་ལམ་ནས་ཡིན་པ་རྒྱ་གཞུང་ནས་བསམ་ཤེས་ཀྱིས་གྲོས་མོལ་ཡོང་བའི་ཁོར་ཡུག་སླར་སྐྲུན་དགོས་པའི་ནན་སྐུལ་ཞུ་བཞིན་ཡོད།
བོད་ཀྱི་བདེན་དོན་ཞི་བའི་ལམ་ནས་རང་དབང་འཐབ་རྩོད་ལ་ཨ་རི་དང་། ཡུ་རོབ། རྒྱ་གར་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་གཙོས་རྒྱལ་སྤྱིའི་ཚོགས་པ་ཁག་དང་མི་སྒེར་སོགས་མང་པོ་ཞིག་གིས་བསྔགས་བརྗོད་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པ་མ་ཟད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་ཅན། དེ་བཞིན་རྒྱ་ནག་ནང་ཡོད་པའི་རྒྱ་རིགས་གཟུར་གནས་ཤེས་ཡོན་ཅན་མང་པོས་ཡི་རང་བསྔགས་བརྗོད་ཀྱིས་རྒྱབ་སྐྱོར་ཞུ་བཞིན་ཡོད། དེ་འབྲེལ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཙོས་ཕྱིའི་རྒྱལ་ཁབ་ཁག་མང་དག་ཅིག་གི་གྲོས་ཚོགས་ཁག་ནང་བོད་དོན་ཐོག་གཞུང་འབྲེལ་གྲོས་ཆོད་རིམ་པར་འཇོག་ཐུབ་པ་བྱུང་ཡོད་པ་དང་། བོད་ནང་གི་གནས་སྟངས་ཆེས་ཛ་དྲག་ཏུ་འགྱུར་བཞིན་པའི་གནས་ཚུལ་རྟོག་ཞིབ་ཐུབ་རྒྱུར་ཕན་པའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ (The Reciprocal Access to Tibet Act) ལ་ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་གོང་མས་རྒྱབ་སྐྱོར་གཏན་འབེབས་གནང་བ་དང་། ༢༠༡༨ ཟླ་ ༡༢ ཚེས་ ༡༩ ཉིན་ཨ་རིའི་སྲིད་འཛིན་གྱིས་ཁྲིམས་ཡིག་དེར་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་གནང་ཐུབ་པ་བྱུང་ཡོད། ཁྲིམས་ཡིག་དེའི་ཐོག་ནས་བོད་ནང་གི་དངོས་ཡོད་གནས་སྟངས་འཛམ་གླིང་མི་མང་གིས་གསལ་རྟོགས་ཐུབ་རྒྱུ་དང་གཞིས་བཞུགས་བོད་མི་ཚོའི་གནས་སྟངས་བཟང་ཕྱོགས་སུ་འགྱུར་བའི་རེ་བ་ཞུ་བཞིན་ཡོད།
འདས་པའི་ལོ་ངོ་ ༦༠ རིང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཡོངས་རྫོགས་གཏོར་བཤིག་གིས་བོད་རྒྱལ་ཁབ་དེ་འཛམ་གླིང་གི་ས་ཁྲའི་ནང་ནས་མཐོང་རྒྱུ་མེད་པ་བཟོ་ཐབས་ཀྱི་ངན་བྱུས་འདྲ་མིན་སྣ་ཚོགས་བྱས་དང་བྱེད་མུས་ཀྱང་། བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོངས་ནས་འདས་པའི་དུས་ཡུན་དེའི་རིང་རང་དབང་འཐབ་རྩོད་དང་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་། གོམས་གཤིས་བཟང་པོ་སོགས་མི་ཉམས་རྒྱུན་འཛིན་གྱི་འབད་བརྩོན་ལྷོད་མེད་གནང་བར་བརྟེན་ད་ལྟའི་གནས་སྐབས་སུ་བོད་བསྟན་སྲིད་མི་རིགས་དང་བཅས་པ་གསོན་པོར་གནས་ཐུབ་པ་དེ་ནི་ལོ་ངོ་ ༦༠ རྗེས་ཀྱི་བོད་མི་ཚོའི་རྒྱལ་ཁ་ཡིན་པར་ངོས་འཛིན་ཆོག་པ་ཞིག་ཡིན། དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྒན་རབས་རྣམ་པས་ལྷག་བསམ་གཟོལ་མེད་ཀྱིས་སྐུ་ལས་བསྐྱོན་པའི་འབྲས་བཟང་ལ་སོང་དེ་རིང་གི་གོ་སྐབས་འདི་བརྒྱུད་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གསོལ་འདེབས་ཞུ་རྒྱུ་ཡིན།
སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་དང་། འཚེ་མེད་ཞི་བའི་ཐབས་ལམ་ནི་བོད་ཀྱི་བདེན་དོན་གསལ་བའི་ཐབས་ལམ་འབའ་ཞིག་ཡིིན་པ་བཅས་ལ་བརྟེན། དུས་རྒྱུན་དུ་༸གོང་ས་མཆོག་གི་བཀའ་སློབ་ཇི་ཕེབས་གཞི་རྩར་བཟུང་སྟེ་བོད་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་སླད་བོད་མིའི་སྒྲིག་འཛུགས་དང་། དགོན་སྡེ་གྲྭ་ཚང་། སློབ་གྲྭ གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག གཞིས་ཆགས་ཁག་བཅས་སོ་སོའི་ནང་ཡོད་པའི་ལས་ཀྱི་སྣེ་མོ་བས་གཙོས་དགེ་བཙུན་རྣམས་དང་། སློབ་ཕྲུག གཞིས་མི་མང་ཚོགས་བཅས་ཚང་མས་བོད་ཀྱི་བདེན་མཐའ་མ་གསལ་བར་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་སོ་སོར་འཁྲིས་པའི་ལས་འགན་རྣམས་འཐུས་ཤོར་མེད་པར་རྒྱུན་སྲིང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
དེ་བཞིན་རྒྱ་གར་གཞུང་མང་གིས་གཙོས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་། གྲོས་ཚོགས ཚོགས་སྡེ། ཤེས་ཡོན་ཅན། གསར་འགྱུར་ལས་རིགས་ཀྱི་མི་སྣ། མི་མང་། སློབ་ཕྲུག རྒྱ་རིགས་བཅས་ནས་ད་བར་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་བར་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༠ ལ།། །།