ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༩ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༩ ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཟླ་ ༣ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དབུ་བཞུགས་ཐོག་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་དགུ་པ་ཚོགས་གནང་ཡོད།
དེ་ཡང་ལས་རིམ་སྔོན་མའི་འཕྲོས་མུ་མཐུད་ནང་སྲིད་ལས་ཁུངས་ཀྱི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་། དྲི་བ་བཏང་གནང་བ་ཁག་ལ་དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ལན་འདེབས་གསལ་བཤད་གནང་སྟེ་སྤྱི་མོས་ཀྱིས་གཏན་འབེབས་གནང་རྗེས། ནང་སྲིད་ཁྱབ་ཁོངས་སྦེང་ལོང་ལྷོ་ཕྱོགས་གཞིས་སྤྱི་ལས་ཁུངས་དང་། ས་འཐུས་མེད་པའི་ས་གནས་ཁག་ལྔའི་ཟུར་བཀོལ་སྔོན་རྩིས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།
ཉིན་རྒྱབ་ལས་ཉིན་སྔོན་མའི་སྐབས་བཀའ་ཤག་གི་གསལ་བཤད་གནང་བའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་རྗེས། ལས་རིམ་ལྟར། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་།
ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་རྣམ་གཉིས་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༩ པའི་སྙན་ཐོ་སྙན་སྒྲོན་གནང་བ་དང་། སྙན་ཐོ་ལྷག་མ་རྣམས་སང་མུ་མཐུད་ཚོགས་མི་གཞན་ནས་སྙན་སྒྲོན་གནང་རྒྱུ་ཡིན་པ་བཅས།