ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་ཡོད་པ་བཞིན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་འཁྲིད་འོག་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༤ ནས་ ༡༡ བར་ཨིན་ཡུལ་ (England) དང་། སི་ཀོ་ཊི་ལེན་ཌི་ (Scotland) གཉིས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༢ ཉིན་སོ་སོའི་བཞུགས་གནས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༤ ཉིན་ལྡི་ལི་ནས་ཨིན་ཡུལ་དུ་ཕེབས་འབྱོར་མཚམས། ཕྱི་ཚེས་ ༥ ནས་ ༡༡ བར་ཨིན་ཡུལ་དང་སི་ཀོ་ཊི་ལེན་ཌི་གཉིས་ལ་ལས་རིམ། ཕྱི་ཚེས་ ༡༡ ཉིན་སྤྱི་འཐུས་རྣམ་པ་ཨིན་ཡུལ་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །