ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །བོད་གཞིས་བྱེས་གཉིས་དང་ནང་ཆོས་ལ་དོན་གཉེར་ཅན་གྱི་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་མི་མང་ལྷན་རྒྱས་བཅས་ལ་ཆེད་ཞུ།
དགོངས་མངའ་བཞིན། ལྷ་དང་བཅས་པའི་སྐྱེ་རྒུ་ཡོངས་ཀྱི་སྟོན་པ་བླ་ན་མེད་པ། རྣམ་འདྲེན་ཤཱཀྱ་སེདྒེས་མ་འོངས་སྙིགས་མའི་དུས་སུ་རང་ཉིད་ཀྱི་བསྟན་པ་འཛིན་ཅིང་སྤེལ་བ་ལ་རྒྱལ་བ་རང་ཉིད་དང་སྒོ་ཀུན་ནས་མཚུངས་པའི་མཛད་པ་ཉེ་བར་སྟོན་པར་འགྱུར་ཞེས་ལན་གཅིག་མིན་པར་མདོ་རྒྱུད་རྒྱ་མཚོ་ཆེན་པོ་ལས་ལུང་དུ་བསྟན་པའི་བདག་ཉིད་ཆེན་པོ། སྲིད་པ་གསུམ་ན་འགྲན་པའི་ཟླ་ཀུན་དང་བྲལ་བ་འཇམས་དབྱངས་མིའི་རྣམ་རོལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འགྲོ་བའི་བླ་མ་ཙོང་ཁ་པ་ཆེན་པོ་རྗེ་བཙུན་བློ་བཟང་གྲགས་པའི་དཔལ་ཞེས་སྙན་པའི་གདུགས་དཀར་སྲིད་ཞིའི་རྩེ་མོར་འཁོར་བ་དེ་ཉིད། རབ་བྱུང་དྲུག་པའི་མེ་མོ་བྱའི་ལོར་ (ཕྱི་ལོ་ ༡༣༥༧) མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་བལྟམས་ཤིང་། སྐུ་གཞོན་ནུའི་དུས་ནས་བཟུང་ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་རིགས་ཀྱི་ཅོད་པན་དུ་བཟུང་། མཚན་དཔེའི་ལང་ཚོ་ཆེར་རྒྱས་པ་ན། རིམ་གྱིས་དབུས་འགྱུར་ཆོས་ཀྱི་ཞིང་དུ་བྱོན་ཏེ། ཇི་སྐད་དུ། རྗེ་ཉིད་ཀྱི་གསུང་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་རང་ཉིད་ཀྱི་རྟོགས་པ་བརྗོད་པ་ཡི་གེའི་རིས་སུ་སྤེལ་བར་མཛད་པ་ལྟར། དབུས་གཙང་གི་ཆོས་གྲྭ་ཆེ་ཆུང་རྣམས་སུ་མདོ་སྔགས་རིག་གནས་ཡོངས་ལ་གསན་བསམ་མཐར་ཕྱིན་པར་མཛད། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀས་བསྐུལ་ནས་འོལ་ཁ་ཆོས་ལུང་སོགས་དབེན་གནས་མང་པོར་ཐོས་དོན་སྒྲུབ་པ་སྙིང་པོར་གཞོལ། འགྲོ་བ་ཀུན་གྱི་གསོས་སུ་གྱུར་པ། འཕགས་བོད་ཀྱི་མཁས་གྲུབ་ཚད་ལྡན་དུ་མའི་གདམས་པ་དང་། ལྷག་པར་བཀའ་གདམས་གོང་མའི་མན་ངག་རྣམས་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་ཡང་དག་པའི་ཚད་མ་སྙན་བརྒྱུད་ཀྱིས་བརྒྱན་པ་གསེར་མདོག་ཅོད་པན་འཆང་བའི་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་ཕྱེས། ལྷ་ལྡན་སྨོན་ལམ་ཆེན་མོ་སོགས་མཛད་ཆེན་བཞི་དང་། གདན་ས་ཆེན་པོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་སོགས་གསར་དུ་ཕྱག་བཏབ། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་ལེགས་པར་བཤད་པའི་སྐྱེས་བཟང་རྨད་དུ་བྱུང་བ་གསུང་འབུམ་པོད་ཆེན་བཅོ་བརྒྱད་མཛད་དེ་བསྟན་པའི་སྙིང་པོ་དྲི་མ་མེད་པ་ལྷ་དང་བཅས་པའི་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཉིན་མོ་ལྟར་གསལ་བར་མཛད་ཅིང་། སྲས་ཀྱི་ཐུ་བོ་རྒྱལ་སྲས་བྱམས་ཆེན་ཆོས་རྗེ་དང་། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ། རྗེ་བཙུན་ཤེས་རབ་སེང་གེ་སོགས་ལ་སེ་འབྲས། བཀྲས་ལྷུན། རྒྱུད་གྲྭ་སྟོད་སྨད་གཉིས་སོགས་གསར་དུ་འདེབས་དགོས་ཀྱི་བཀའ་གནང་སྟེ། བོད་གངས་ཅན་གྱི་རིའི་སུལ་དང་ལྗོངས་ཐམས་ཅད་དུ་ཞྭ་སེར་རིང་ལུགས་འཛིན་པའི་དགེ་འདུན་གྱི་སྡེ་ཆེ་ཆུང་གིས་ཁྱབ་པར་མཛད། རྒྱལ་ཚབ་རིན་པོ་ཆེ་དར་མ་རིན་ཆེན་ལ་དབུ་པཎ་དང་གོས་བེར་གནང་སྟེ། གདན་ས་དང་བསྟན་པ་གཉིས་ཀ་གཏད་ནས། རབ་བྱུང་བདུན་པའི་ས་མོ་ཕག་གི་ལོར། ༼ ཕྱི་ལོ་ ༡༤༡༩ ༽ ཞིང་འདི་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ཚུལ་བསྟན་ནས་ལོ་ངོ་ ༦༠༠ ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་དང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གཉིས་པ་ཆོས་ལུགས་མཐུན་སྒྲིལ་འབྱུང་ཐབས་སུ།
༡) ཆོས་ལུགས་ཐ་དད་པའི་དབུ་ཁྲིད་རྣམས་སྡིངས་ཆ་གཅིག་གི་ཐོག་མཉམ་འཛོམས་ཀྱིས་ཕན་ཚུན་ཡིད་ཆེས་དང་དག་སྣང་གོ་རྟོགས་སྤེལ་རེས་དང་། འཛམ་གླིང་སྤྱིའི་བདེ་དོན་གྱི་ཐོག་འགན་ཁུར་མཉམ་ལས་བྱ་དགོས་པ། ༢) ཆོས་ལུགས་སོ་སོའི་ལྟ་གྲུབ་ལ་མཁས་པ་རྣམས་མཉམ་འཛོམས་ཀྱིས་ཉམས་མྱོང་སྤེལ་རེས་དང་ལྟ་གྲུབ་ཐོག་བགྲོ་གླེང་བྱས་ཏེ་ཕན་ཚུན་ཁྱད་ཆོས་དང་ཡོན་ཏན་མཐོང་བའི་སྒོ་ནས་ཆོས་ལུགས་ཡོངས་ལ་གུས་བརྩི་དང་རྗེས་འཇུག་ཚོར་མིག་དཔེ་སྟོན་ཐུབ་པ་དགོས་ཚུལ་སོགས་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་བྱེད་ཕྱོགས་ཀྱི་ཐབས་ལམ་སྔོན་ཆད་འཛམ་གླིང་འདིར་སྐྱེ་བོ་སུ་ཞིག་གིའང་དྲན་པའི་ཡུལ་དུ་མ་གྱུར་པ་དེ་དག་ལམ་སྟོན་གསར་གཏོད་གནང་བའི་བཀའ་དྲིན་ལ་བརྟེན་ནས། དེང་གི་ཆར་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པ་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ཀྱི་ཆོས་ལུགས་མཐུན་འབྲེལ་གོང་མཐོར་འགྲོ་བཞིན་པའི་རླབས་ཆེན་གྱི་མཛད་རྗེས་རྣམས་ཀྱི་ཞབས་འདེགས་སུ་དམིགས་ཏེ། རིང་མིན་བོད་ཟླ་ལྔ་པའི་ནང་རི་བོ་དགེ་ལྡན་པའི་མ་དགོན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དུ། ཤར་བྱང་གྲྭ་ཚང་གཉིས་ཐུན་མོང་ནས། ཕྱི་ནང་གི་ལྟ་སྒོམ་ཐོག་འཕགས་བོད་མཁས་པའི་བགྲོ་གླེང་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་འཆར་དང་།
བགྲོ་གླེང་དངོས་གཞི་ཉིན་བཞིའི་རིང་གཏམ་བཤད་གནང་མཁན་ཕྱི་རོལ་པའི་ལྟ་གྲུབ་ལ་མཁས་པའི་རྒྱ་གར་གྱི་མཁས་པ་ཁག་ཅིག་དང་ཟུར་ཉན་པ། བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་བཅས་ཀྱི་གཞུང་ལུགས་རབ་འབྱམས་སྨྲ་བའི་མཁན་པོ་དང་སློབ་དཔོན། དགེ་བཤེས་དང་དགེ་བཤེས་མ། ཕྱི་རྒྱལ་བ་དང་མི་སྐྱ་བཅས་ཕྱི་ནང་གི་ལྟ་གྲུབ་ཐོག་ཆེད་མཁས་མི་སྣ་མང་པོ་ཞིག་གདན་ཞུས་ཀྱིས་རི་བོ་དགེ་ལྡན་པའི་དབུ་བཞུགས་སྐྱེས་མཆོག་རྣམས་དང་མཁན་གདན་ཟུར། བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་དང་རིགས་པ་སྨྲ་བའི་སློབ་གཉེར་བ་བཅས་འཕགས་ཡུལ་གྱི་པཎ་གྲུབ་བཅུ་བདུན་ལྷན་འཛོམས་ཀྱིས་ཆོས་ཀྱི་དགའ་སྟོན་ལ་རོལ་པ་ལྟ་བུ་གདན་འཛོམས་ཏེ་མཛད་མཐའ་མེད་པའི་ལེགས་བཤད་ཀྱི་དགའ་སྟོན་འགྱེད་པའི་ཚོགས་པའི་དབུས་སུ། ཆོས་བརྒྱུད་སོ་སོའི་ཉམས་བཞེས་ཀྱི་ཕྱག་སྲོལ་མ་འདྲ་བ་ཙམ་དང་ལྟ་བའི་བཞེད་མཚམས་མ་འདྲ་བའི་ཚིག་རིས་ཙམ་ལས་བརྒལ་ཏེ། ལྟ་གྲུབ་ཀྱི་གལ་གནད་ལ་རིགས་པ་དང་གནས་ལུགས་དཔང་པོར་བྱས་ནས། ཆོས་ལུགས་རང་རང་གི་ལྟ་སྒོམ་དང་། གཞུང་གི་དགོངས་པ་འགྲེལ་སྟངས། ཐུན་མོང་མ་ཡིན་པའི་བཞེད་སྲོལ་བཅས་ཀྱི་ཐོག་ལ་བགྲོ་གླེང་གནད་དུ་སྨིན་པ་མཛད་རྒྱུའི་རེ་བ་ཞུ་བཞིན་ཡོད་ལ། བགྲོ་གླེང་དེར་ཆོས་ལུགས་དང་མི་རིགས་སྐྱ་སེར་ཕོ་མོ་གང་ཡིན་ཁྱད་མེད་མཉམ་ཞུགས་ཆོག་པ་ཡིན་པས། ལྟ་སྒོམ་གྱི་ཐོག་དམིགས་བསལ་ཐུགས་སྣང་ཡོད་རིགས་ནས་ཟུར་ཉན་དུ་ཕེབས་འདུན་ཡོད་ཚེ། ཕྱི་ཟླ་ ༦ ཚེས་ ༡ ནང་ཚུད་འདི་ལས་སུ་ཐོ་འགོད་གནང་དགོས།
དབྱིན་སྐད་དང་ཧིན་དྷི། རྒྱ་སྐད་ཀྱི་སྐད་སྒྱུར་སོགས་གོ་སྒྲིག་ཞུ་འཆར་ཡོད་པ་མ་ཟད། ཉིན་རེའི་བགྲོ་གླེང་རྣམས་དྲ་ལམ་བརྒྱུད་ཐད་གཏོང་ཞུ་རྒྱུ་ཡིན་པ་བཅས་དེ་དོན་དགོངས་འཇགས་ཞུ། བགྲོ་གླེང་གོ་སྒྲིག་པ་དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་ཀྱི་སློབ་གཉེར་ལྷན་ཚོགས་ཐུན་མོང་གིས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༠༣ ཚེས་ ༡༠ ལ།།