ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༣ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་འཛམ་གླིང་ཆུའི་ཉིན་མོ་དང་བསྟུན་སྐལ་བཟང་ཆོས་སྐྱིད་ལགས་ཀྱིས་སྣེ་ཁྲིད་པའི་རོལ་དབྱངས་རུ་ཁག་ནས་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གླུ་གཞས་བླངས་རྗེས།
ཁོར་ཡུག་ཐོག་ཆེད་མཁས་སྐུ་ཞབས་མ་ཡི་ཁེལ་བྷ་ཁི་ལེ་ Michael Buckley ལགས་ཀྱིས་བོད་ཀྱི་ཁོར་ཡུག་གི་གནད་དོན་དང་འབྲེལ་ནས་ཕྱི་དྲིལ་ལས་ཁུངས་ཀྱི་འགྲེམས་སྟོན་ཚན་པའི་ལས་བྱེད་རྣམ་པ་དང་། བཞུགས་སྒར་རྡ་ས་ཁུལ་གྱི་བོད་རིགས་ཁག་གཅིག དེ་བཞིན་ཕྱི་རྒྱལ་དང་རྒྱ་གར་བ་ཁག་གཅིག་བཅས་ལ་རྒྱ་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་། ཤིང་ནགས་གཅོད་འབྲེག ཆུ་མཛོད་བརྒྱབ་པ་སོགས་ལ་བརྟེན་ནས་བོད་ཀྱི་གནས་ཆེན་རི་བོ་དང་། གཙང་པོ། མཚོ་དང་མཚེའུ། སྟོང་ལ་ཉེ་བའི་བྱ་དང་རི་དྭགས་སོགས་ལ་གནོད་འཚེ་ཚབས་ཆེན་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད།
ཡངས་ཤིང་རྒྱ་ཆེ་བའི་བོད་ཀྱི་འབྲོག་པའི་རྩྭ་ཐང་དང་སྲོལ་རྒྱུན་འཚོ་བ་སྐྱེལ་སྟངས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་སོགས་ཀྱི་སྐོར་གསུངས། མཇུག་ཏུ་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་ལས་བྱེད་ཡེ་ཤེས་དབང་མོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས། །