ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་སུད་སི་ Switzerland དང་ལེག་ཊེན་སི་ཊེན་ Liechtenstein ཁུལ་གྱི་བོད་རིགས་རྣམས་ལ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཆར་སྣང་དང་སློབ་ཕྲུག་གི་ཤེས་ཡོན་གྱི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། འདས་པའི་ལོ་ངོ་ ༦༠ རིང་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་རྩ་དོན་དང་བཙན་བྱོལ་བོད་མི་རྣམས་ལ་དཔལ་འབྱོར་གྱི་རོགས་རམ་ཤུགས་ཆེ་ཐོབ་དང་འཐོབ་བཞིན་ཡོད་པའི་སྐོར་གསུང་།
དེར་བརྟེན་བོད་མིའི་རང་དབང་འཐབ་རྩོད་འདི་བཞིན་ལམ་ལྷོངས་དང་རྒྱུན་འཁྱོངས་ཡོང་བར་བོད་རིགས་མི་རེ་ངོ་རེ་ནས་འགན་ཁུར་དགོས་པའི་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། དེ་བཞིན་ནང་སྲིད་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༣ ནས་ཕྱི་ཚེས་ ༡༥ བར་སུད་སིའི་བོད་རིགས་མི་མང་དང་། གནད་ཡོད་མི་སྣ། རོགས་ཚོགས་ཁག་གི་སྐུ་ཚབ་སོགས་ལ་ཐུག་འཕྲད་གནང་ཡོད། བཀའ་བློན་མཆོག་དང་ལྷན་སུད་སི་སྐུ་ཚབ་དོན་གཅོད་པད་བཀོད་དགེ་གླིང་འཆི་མེད་རིག་འཛིན་ལགས་དང་ལས་བྱེད་བསོད་ནམས་མཐར་ཕྱིན་ལགས་རྣམ་གཉིས་མཉམ་ཞུགས་གནང་ཡོད་པ་བཅས། །