ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༨ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡུ་རོབ་ཅེག་སྤྱི་མཐུན་རྒྱལ་ཁབ་ Czech Republic ཀྱི་རྒྱལ་ས་པི་རག་Prague ནང་རྟེན་གཞི་བྱས་པའི་ཧྥ་མུ་མཐོ་སློབ་ཁང་FAMU University, Film and TV School of the Academy of Performing Arts གི་གློག་བརྙན་དང་བརྙན་འཕྲིན་སློབ་སྦྱོང་ཚན་པའི་དགེ་ལས་སློབ་ཕྲུག་ཡོངས་ལ་དབུ་མའི་ལམ་དང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་སྲིད་བྱུས་སྐོར་གསུང་བཤད་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱལ་སྤྱིའི་ནང་རྒྱལ་ཁབ་ཚང་མ་གཅིག་ལ་གཅིག་བརྟེན་ནས་འཚོ་བཞིན་པའི་སྐབས་འདིར་སོ་སོའི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། རྒྱལ་ཁབ་ཕན་ཚུན་བར་གུས་ཞབས་དང་ཞི་བདེ་མཉམ་གནས་བྱེད་དགོས་པའི་སྐོར་གསུང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་བརྒྱུད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་། རྒྱ་ནག་དང་མཉམ་ཞི་བདེ་མཉམ་གནས་ཐོག་བོད་མིའི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུའི་སྐོར་གསུང་བ་མ་ཟད།
བོད་ནང་གནས་ཚུལ་ཐབས་སྡུག་བྱུང་བ་བཞིན་འཛམ་གླིང་གི་ས་ཕྱོགས་གང་སར་དེ་ལྟར་འབྱུང་སྲིད་པ་དང་། བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པ་དེས་བོད་དང་ཨེ་ཤི་ཡ་གཅིག་པུ་ཙམ་མ་ཡིན་པར། འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སྐོར་གསུང་། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་མི་མང་གིས་Velvet Revolution ཞེས་པའི་ཞི་བའི་ངོ་རྒོལ་གནང་སྟེ་དམར་ཤོག་ཚོགས་པའི་གཞུང་མེད་པར་བཟོས་པ་དང་། དེ་ནི་བོད་མི་ཚོར་མཚོན་ན་སེམས་ཤུགས་སྐྱེ་འོས་པ་ཞིག་རེད། ཅེས་དང་། རྒྱ་ནག་གི་ཤུགས་རྐྱེན་ཨོ་སི་ཊི་ལི་ཡ་དང་ནུབ་ཕྱོགས་རྒྱལ་ཁབ་ཚོའི་ནང་སླེབ་བཞིན་ཡོད་པས་གཟབ་གཟབ་གནང་དགོས་པའི་སྐོར། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་མི་མང་གིས་ཞི་བའི་ངོ་རྒོལ་གནང་བ་དེ་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝག་ལེབ་ཧ་བེལ་Vaclav Havel མཆོག་གི་རྩ་འཛིན་ལམ་སྟོན་རྣམས་ངེས་པར་དུ་གསོན་པོར་གནས་དགོས་པའི་སྐོར་གསུང་།
ཕྱོགས་མཚུངས་ན་ནིང་ལོར་ཡུ་རོབ་ནང་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གསར་འཛུགས་གནང་བའི་སྐོར་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝག་ལེབ་ཧ་བེལ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་བ་སོགས་ཀྱི་སྐོར་གསུང་། མཐའ་དོན་སྲིད་སྐྱོང་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་གཞུང་མང་གཉིས་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །