ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་འབྲས་སྤུངས་བློ་གསལ་གླིང་དུ་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༣ པའི་ཐོག་ “སྤྱི་ཚོགས་དྲྭ་རྒྱའི་ཤུགས་རྐྱེན་དང་བོད་ཀྱི་མཐོ་རིམ་སློབ་མའི་འགན་འཁྲི།” ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་འདུག
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་ཚོགས་དྲྭ་རྒྱའི་ཤུགས་རྐྱེན་ཐོག་གསུང་དོན། དེང་གི་དུས་ཚོད་དེ་སྤྱི་ཚོགས་དྲྭ་རྒྱའི་དུས་ཚོད་ཅིག་ཡིན་པ་དང་། དགེ་རྒན་དང་སློབ་མ། སྨན་ཁང་། ཆབ་སྲིད་པ་སུ་ཞིག་ཡིན་རུང་སྤྱི་ཚོགས་དྲྭ་རྒྱར་ལྟོས་དགོས་པ་ལས། དེར་མ་བརྟེན་ན་རྗེས་ལུས་ཐེབས་འགྲོ་བའི་དུས་ཚོད་ཅིག་ཆགས་བསྡད་ཡོད་རེད། ང་ཚོ་ཙམ་མིན་པར་སྟོབས་ཆེན་རྒྱལ་ཁབ་ཚོའི་ཆབ་སྲིད་ལའང་ཤུགས་རྐྱེན་ཧ་ཅང་ཆེན་པོ་སྤྲད་དང་སྤྲོད་བཞིན་ཡོད། སྤྱི་ཚོགས་དྲྭ་རྒྱ་བརྒྱུད་ནས་ཆོས་དང་། ཆབ་སྲིད། དཔལ་འབྱོར། འཕྲོད་བསྟེན། ཤེས་ཡོན་གང་གིས་ཆ་ནས་ཀྱང་ཤུགས་རྐྱེན་ཡོད་པ་དང་། དེ་བེད་སྤྱོད་ཚུལ་དང་ལྡན་པའི་ཐོག་བཏང་བ་ཡིན་ན་དགེ་ཕན་ཆེན་པོ་ཡོད།
གང་དུ་ཕན་ཐོགས་ཡོད་པ་དེ་ལོངས་སུ་སྤྱོད་སྟངས་མ་ཤེས་པ་ཡིན་ན། སྐྱོན་གནད་ཀྱང་ཆེན་པོ་ཡོད་པ་དཔེ་མཚོན་དང་བཅས་པ་གསུངས་གནང་འདུག་པ་དང་། བོད་ཀྱི་མཐོ་རིམ་སློབ་མའི་འགན་འཁྲིའི་ཐད་ལ་གསུང་དོན། བོད་པའི་སློབ་ཕྲུག་རྣམས་རྒྱལ་ཁབ་རང་བཙན་ཡོད་པའི་སློབ་མ་གཞན་དང་མི་འདྲ་བར་དམིགས་བསལ་གྱི་འགན་འཁྲི་ཡོད་པ་དང་། རྒྱ་གར་མཐོ་རིམ་སློབ་གྲྭ་ཁག་ཏུ་བོད་པའི་སློབ་མའི་གྲངས་ཀ་མང་ཉུང་ཇི་ལྟར་ཡང་། སློབ་མ་སོ་སོ་བོད་པའི་སྐུ་ཚབ་ཀྱི་ངོ་བོ་མཚོན་གྱི་ཡོད་སྟབས། ཁྱེད་རང་ཚོ་མ་འོངས་བོད་ཀྱི་སོན་རྩ་ཡིན་པ་ལྟར་སློབ་མ་གཞན་རྣམས་ཀྱང་རྒྱལ་ཁབ་དེ་དང་དེའི་མ་འོངས་པའི་སོན་རྩ་ཡིན་པས། ཁོང་རྣམས་དང་ལྷན་འགྲོགས་འདྲིས་ཀྱིས་བོད་དོན་འཐབ་རྩོད་གནས་སྟངས་གང་དུ་སླེབས་ཡོད་མེད་སྐོར་སོགས་མི་རེ་ངོ་རེ་ནས་གང་མང་མང་གསལ་བཤད་དང་འགྲེལ་བརྗོད་གནང་ཐུབ་དགོས་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་སོགས་གསུངས་གནང་རྗེས། ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་འདུག
ཕྱི་ཟླ་ ༣ ཚེས་ ༡ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་བོད་ཀྱི་མཐོ་རིམ་སློམ་མའི་ཚོགས་ཆེན་ཐེངས་ ༡༣ པའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་བླང་དོར་བྱེད་སྒོའི་བཀའ་སློབ་གནང་བའི་སྙིང་དོན་དུ། ཐོག་མར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༣ པའི་ཆེད་རྒྱུ་སྦྱོར་མཐུན་རྐྱེན་ལེགས་སྦྱར་གྱིས་གོ་སྒྲིག་གནང་ཐུབ་པར་ལས་སྣེ་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེ་བཞིན་ད་ལྟ་ཚོགས་ཆེན་གོ་སྒྲིག་གནང་མཁན་སློབ་མ་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་དཀའ་བ་ཁྱད་བསད་ཀྱིས་ཚོགས་ཆེན་གོ་སྒྲིག་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཆོལ་གསུམ་ཆོས་ལུགས་དང་བཅས་པ་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་ཐོག་ནུས་པ་མཉམ་སྤུངས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཕྱག་ལས་གནང་དགོས་པ་དང་། དེ་བཞིན་མི་བཟང་པོ་དང་། ཀུན་སྤྱོད་ཡག་པོ་བྱེད་དགོས་རྒྱུ། སློབ་སྦྱོང་བྱེད་སྐབས་དུས་ཚོད་བག་གཡེང་བྱས་ནས་མ་བསྡད་པར། སློབ་སྦྱོང་ཁོ་ནའི་ཆེད་ཧུར་བསྐྱེད་གནང་དགོས་ཀྱི་ཡོད་གནས། དེ་བཞིན་བོད་ཀྱི་སྐད་ཡིག་གལ་ཆེ་ཚུལ་དང་། སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་ཐོག་དམིགས་བསལ་གྱིས་དོ་སྣང་སྤྲོད་དགོས་སྐོར་སོགས་བཀའ་སློབ་ཟབ་རྒྱས་དང་། དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་བཅར་བ་ཡོངས་ལ་གཟེངས་བསྟོད་ཕྱག་ཁྱེར་ཕུལ་གནང་ཡོད་འདུག
བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་འདི་བཞིན་ཕྱི་ཟླ་ ༢ ཚེས་ ༢༣ ཉིན་ནས་འགོ་བཙུགས་གནང་སྟེ་ཕྱི་ཟླ་ ༣ ཚེས་ ༡ ཉིན་མཇུག་བསྒྲིལ་གནང་ཡོད་འདུག་པ་དང་། ཚོགས་ཆེན་འདིའི་ཐོག་ཚོགས་བཅར་བ་སེར་སྐྱ་དབྱེར་མེད་དང་། ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བཤད་གྲྭའི་སློབ་མ་དང་། རྒྱ་གར་ནང་དུ་ཡོད་པའི་མཐོ་སློབ་ཁག་གི་སློབ་མ་བཅས་ཚོགས་བཅར་བ་ཁྱོན་གྲངས་ ༡༡༣ ཕེབས་གནང་ཡོད་འདུག
ཕྱི་ཟླ་ ༢ པའི་ཚེས་ ༢༨ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་འབྲས་སྤུངས་བློ་གསལ་གླིང་དང་། འབྲས་སྒོ་མང་སོགས་དགོན་སྡེ་ཁག་ཅིག་ལ་གནས་མཇལ་དང་། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡ ཉིན་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་གྲུབ་རྗེས། དགའ་ལྡན་ཤར་བྱང་སོགས་དགོན་སྡེ་ཁག་ཅིག་ལ་གནས་མཇལ་དུ་ཕེབས་ཡོད་པ་བཅས། །