ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༨ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མི་བཙན་བྱོལ་དུ་འབྱོར་ནས་མི་ལོ་དྲུག་ཅུ་འཁོར་བའི་སྐབས་འདིར་ཐེ་ཝན་ནང་རྣམ་པ་འདྲ་མིན་གྱི་ལས་འགུལ་སྣ་མང་སྤེལ་དང་སྤེལ་བཞིན་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ནས་རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩིའི་ལས་རིམ་སྟེ་བོད་དོན་ངོ་སྤྲོད་ཀྱི་ལས་འགུལ་གོ་སྒྲིག་བྱེད་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༣ ཚེས་ ༦ རེས་གཟའ་ལྷག་པའི་དགོང་དྲོ་ཆུ་ཚོད་ ༧ ནས་ ༡༠ བར་གཡོན་སྐོར་དེབ་ཁང་ཞེས་པའི་ནང་ ༼ ཐེ་ཝན་གྱི་གཞོན་སྐྱེས་ཆབ་སྲིད་མི་སྣས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བལྟ་བ། ༽ ཞེས་པའི་བརྗོད་གཞིའི་ཐོག་ལས་རིམ་གོ་སྒྲིག་གནང་ཡོད་ཅིང་། གཏམ་བཤད་གནང་མཁན་ནི་ཐེ་ཝན་གྱི་ཆབ་སྲིད་མི་སྣའི་གཞོན་སྐྱེས་ཁོངས་ནས་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་ལིན་དབྱི་མཱོང་ལགས་དང་། ཅིའི་ལོང་གྲོང་ཁྱེར་གྲོས་ཚོགས་འཐུས་མི་ཀྲང་ཀྲེ་ཧའོ་ལགས། མེའོ་ལིའི་གྲོང་ཁྱེར་གྲོས་ཚོགས་འཐུས་མི་གྲན་ཕིན་ཨན་ལགས། བོད་མིའི་ཕྱོགས་ནས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་ཚོགས་མི་བཀྲ་ཤིས་ཚེ་རིང་ལགས་ཀྱིས་བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་ཡོད་པ་རེད།
དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གཙོ་བོ་ཕྱི་ལོ་ ༡༩༥༩ ལོའི་བོད་མིས་གསུམ་བཅུའི་སྒེར་ལངས་བྱས་པའི་བྱུང་རིམ་སོགས་ཞིབ་ཕྲ་ངོ་སྤྲོད་གནང་བ་མ་ཟད། ཚོགས་ཞུགས་པའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་ ༧ སྔ་དྲོ་ཐེ་ཝན་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཐེ་སྡོད་བོད་རིགས་ཚོགས་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གཅིག་མཉམ་རུབ་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། སྐུ་མགྲོན་གཙོ་བོ་དམངས་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་དང་། ཐེ་ཝན་གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་ཚོགས་པ། གཞུང་འབྲེལ་མིན་པའི་ཚོགས་པའི་ཚོགས་མི་སོགས་མཉམ་ཞུགས་གནང་ཡོད་པ་བཅས། །